༢༠༡༤ ཟླ་ ༥ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅན་དི་གྷར་ནས་མཁའ་ལམ་བརྒྱུད་རྒྱ་གར་མཧཱ་ར་ཤེ་ཊ་(Maharashtra)མངའ་སྡེའི་རྒྱལ་ས་མུམ་བྷེའི་(Mumbai) ནང་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་༸གོང་ས་མཆོག་མུམ་བྷེ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་མངའ་སྡེ་གཞུང་གི་གནད་ཡོད་མི་སྣས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་སོ་མི་ཡ་མཐོ་སློབ་ (Somaiya College) ཏུ་ཆིབས་སྒྱུར་བསྐྱངས་སྐབས་ཁུལ་དེར་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་སོ་མི་ཡ་མཐོ་སློབ་ཀྱི་སྦྱིན་བདག་སྐུ་ཞབས་སོ་མི་ཡ་ཕ་བུ་གཉིས་ཀྱི་ནང་མི་ལྷན་རྒྱས་དང་། རྒྱལ་ས་མུམ་བྷེར་རྟེན་གཞི་བྱས་པའི་ན་ལེནྡྲ་ཤི་ཀི་ཤ་ (Nalanda Shiksha) ཞེས་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི། སོ་མི་ཡ་མཐོ་སློབ་ཀྱི་ནང་ཆོས་ཚན་པས་གཙོས་མཐོ་སློབ་དེའི་དགེ་སློབ་རྣམ་པ། བོད་རིགས། དེ་བཞིན་བཀའ་ཆོས་སུ་ཆེད་བཅར་ཞུས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
ཐེངས་འདིར་༸གོང་ས་མཆོག་གིས་མུམ་བྷེ་གྲོང་ཁྱེར་ནང་ཉིན་གྲངས་བཞིའི་རིང་རྒྱ་གར་གྱི་དད་ལྡན་པ་རྣམས་ལ་ཆོས་འབྲེལ་སྩལ་རྒྱུ་དང་སྟབས་བསྟུན། སོ་མི་ཡ་མཐོ་སློབ་ནང་བོད་ཀྱི་དུས་སྟོན་འཚོགས་རྒྱུ་ཡིན་པ་བརྟེན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གིས་གོང་ཚེས་ཉིན་ནས་དཀྱིལ་འཁོར་དང་། ཧོན་སུར་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་མར་ཚོན་གྱི་མཆོད་པ་བཞེངས་བཞིན་ཡོད་པ་མ་ཟད། བོད་ཀྱི་སྨན་རྩིས་ཁང་གིས་སྨན་གཏུགས་ཞབས་ཞུ་དང་བོད་སྨན་ཚོང་འགྲེམས། བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་ཚོང་འགྲེམས། མོན་གྷོ་བོད་མིའི་མཉམ་འབྲེལ་གྱི་ལག་ཤེས་ཐོན་སྐྱེད་ཁག་ཚོང་འགྲེམས་དང་སྐུ་ཐང་ཁག་འགྲེམས་ཚོང་། དེ་བཞིན་རྡ་སའི་སྐལ་སྟོབས་ཤིང་བརྐོས་བཟོ་གྲྭ་ནས་ཤིང་བརྐོས་སྒྱུ་རྩལ་འགྲེམས་སྤེལ། ལྷག་པར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་བོད་དང་རྒྱ་གར་གྱི་འབྲེལ་བ་ཞེས་པ་དང་། བོད་མིའི་རང་ལུས་མེར་སྲེག་སྐོར་གྱི་བརྗོད་གཞི་གཉིས་ཀྱི་ཐོག་བརྙན་པར་འགྲེམས་སྟོན་བརྒྱུད་བོད་དོན་གོ་རྟོགས་སྤེལ་རྒྱུ་མ་ཟད། བོད་དོན་གྱི་གློག་བརྙན་ཁག་གཅིག་ཀྱང་སྟོན་རྒྱུ་ཡིན་འདུག