༢༠༡༤ ཟླ་ ༥ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཌེན་མག་ནང་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༡ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ཕེབས་ཏེ་ཡུལ་དེའི་གསར་འགྱུར་བརྙན་འཕྲིན་ཨེན་ཨར་ཀེ་ NRK-TV Urix ཞེས་པ་དེའི་གསར་འགོད་པའི་ཆེད་དོན་དྲི་བར་ལན་འདེབས་གནང་། ཉིན་གཉིས་པའི་སྐབས་སྲིད་སྐྱོང་མཆོག་ལ་ནོར་ཝེའི་ཆབ་སྲིད་རིག་པའི་སློབ་སྟོན་པའི་ཚོགས་པ་སི་ཝི་ཊ་ Civita ཞེས་པས་མགྲོན་འབོད་ལྟར་སྔ་དྲོའི་ཞོགས་ཟས་ལྷན་བཞེས་གནང་བ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱངས་པའི་སྐོར་སོགས་ཀྱི་གནད་དོན་ཐོག་གསུང་བཤད་གནང་བ་མ་ཟད། ཚོགས་བཅར་བའི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཐེངས་འདིར་སྲིད་སྐྱོང་མཆོག་གིས་ནོར་ཝེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀེ་ཏིལ་ཀི་ཇེན་སེ་ཏི་ Mr. Ketil Kjenseth མཆོག་དང་། མེ་ཀལ་ཏེ་ཛི་ནར་ Michael Tetzschner མཆོག དེ་བཞིན་གཞོན་ནུ་རུ་ཁག་གི་འགོ་ཁྲིད་བཅས་དང་ཐུག་འཕྲད་གནང་ཡོད། ཉིན་དེའི་ཕྱེད་ཡོལ་སྲིད་སྐྱོང་མཆོག་གིས་ནོར་ཝེའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ Amnesty International སྤྱི་ཁྱབ་དྲུང་ཆེ་ཇོན་པེ་ཌར་ཨེ་ཇི་ན་སི་ Mr. John Peder Egenaes མཆོག་དང་མཇལ་འཕྲད་གནང་བ་མ་ཟད། ནོར་ཝེའི་ཧེལ་སེང་ཀི་ཚོགས་པའི་ Norwegian Helsinki Committee སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཇོན་ཨེང་གི་སི་ལེན་ཌི་ Mr. Bjorn Engesland མཆོག་དང་མཇལ་འཕྲད་གནང་ཡོད།
གཞན་ཡང་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་སྲིད་སྐྱོང་མཆོག་གིས་ནོར་ཝེའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་བོད་ཀྱི་འདས་པ་དང་ད་ལྟ། དེ་བཞིན་མ་འོངས་པའི་གནས་སྟངས་སྐོར་དང་བོད་དོན་ཐོག་རྒྱབ་སྐྱོར་ཇི་ལྟར་གནང་ཐུབ་མིན་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། གཞན་ཡང་ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་ནོར་ཝེའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ནོར་ཝེའི་བོད་རིགས་ཚོགས་པ། ནོར་ཝེའི་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་ཚོགས་མི་རྣམས། ནོར་ཝེའི་གཞོན་ནུ་ཚོགས་པའི་ཚོགས་མི་བཅས་དང་མཇལ་འཕྲད་གནང་བ་མ་ཟད། བོད་རིགས་རྣམས་ལ་གསུང་བཤད་གནང་རྗེས་ས་གནས་བོད་རིགས་ཚོགས་པས་སྲིད་སྐྱོང་མཆོག་ལ་གསོལ་སྟོན་ཕུལ། དེ་རྗེས་སྲིད་སྐྱོང་མཆོག་རྒྱ་གར་ཕྱོགས་སུ་ཕྱིར་ཕེབས་གནང་ཡོད།