༢༠༡༤ ཟླ་ ༥ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ཉིན་འདི་ལོའི་སྙིང་སྟོབས་ཅན་གྱི་གཟེངས་རྟགས་དེ་ཁེ་ན་ཌའི་བློན་ཆེན་སྐུ་ཞབས་ཇ་སོན་ཀེན་ནི་མཆོག་ལ་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་མཛད་པའི་ནང་འཁོད་དོན།
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཕྱི་ལོ་ ༢༠༡༤ ལོའི་སྙིང་སྟོབས་ཅན་གྱི་གཟེངས་རྟགས་དེ་སྐུ་ཉིད་མཆོག་ལ་ཕུལ་བར་ངོས་ཀྱིས་དགའ་བསུའི་འཚམས་འདྲི་ཞུ་བཞིན་ཡོད།
སྐུ་ཉིད་མཆོག་གི་དབུ་ཁྲིད་ཀྱི་འཇོན་ཐང་ལ་ངོས་ཀྱིས་བསྔགས་བརྗོད་ཤུགས་ཆེ་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་གིས་ཁེ་ན་ཌའི་སྤྱི་ཚོགས་དེ་མི་རིགས་དང་རིག་གཞུང་འདྲ་མིན་འཆམ་མཐུན་ངང་གནས་ཐུབ་རྒྱུར་ཧ་ཅང་འབད་བརྩོན་གནང་བ་དང་ཆབས་ཅིག་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན། ངོས་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་ཁྱོན་ལ་དཀའ་སྡུག་མྱོང་བཞིན་པའི་མང་ཚོགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྐུ་ཉིད་ཀྱིས་ངལ་བ་ཁྱད་བསད་ཐོག་འབད་བརྩོན་གནང་བར་ངོས་རང་ངོ་མཚར་སྐྱེས་བྱུང་། དེ་སྔ་ངོས་རང་ཁེ་ན་ཌར་བསྐྱོད་སྐབས་སྐུ་ཉིད་མཆོག་དང་མཇལ་འཕྲད་ཐེངས་འགའ་ཤས་བྱུང་བ་མ་ཟད། མཇལ་འཕྲད་མཐའ་མ་དེ་སྐུ་ཉིད་མཆོག་གིས་གོ་སྒྲིག་གནང་བའི་བོད་རྒྱ་མི་རིགས་གཉིས་ཀྱི་གཞོན་སྐྱེས་ཕན་ཚུན་དབར་བགྲོ་གླེང་ལས་གཞིའི་ཆ་ཤས་སུ་ཨོ་ཊ་ཝའི་ནང་གསོལ་སྟོན་ཞིག་ཚོགས་པའི་སྐབས་དེར་ཡིན།
སྐུ་ཉིད་མཆོག་གིས་བོད་མིའི་དཀའ་ངལ་ཐོག་དོ་སྣང་དང་སེམས་འཚབ་ཤུགས་ཆེ་གནང་བ་མ་ཟད། བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོས་བྱ་རྒྱུར་ཞལ་བཞེས་ཀྱིས་མུ་མཐུད་བོད་མིའི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་བར་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་འཚམས་འདྲི་མཛད་འདུག