༢༠༡༤ ཟླ་ ༥ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ ཉིན་ཡུ་རོབ་རྒྱལ་ཁབ་ཌེན་མག་གི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་ཀྱི་བོད་དོན་སྐོར་གླེང་སློང་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༨ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༣ བར་ཡུ་རོབ་ཌེན་མག་དང་ནོར་ཝེ་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༠ ཉིན་ཌེན་མག་གི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀི་རིས་ཌེན་ཇུལ་མཆོག་ ( Mr. Christian Juhl) དང་། སྐུ་ཞབས་ཧོལ་གར་ཀེ་ནེལ་སོན་མཆོག (Mr. Holger K. Nielsen) ལྕམ་མེ་ཊི་བོཀ་མཆོག་ ( Ms. Mette Bock)གིས་གཙོས་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་མི་གཞན་ཁག་གཅིག་དང་། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཌེན་མག་གི་གྲོས་ཚོགས་འཐུས་མི་ལྔ་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་གནང་ཡོད།
དེ་བཞིན་ཁུལ་དེར་གནས་སྡོད་བོད་མི་དང་། བོད་རིགས་ཚོགས་པར་ཐུགས་འཕྲད་ཀྱིས་བོད་ཀྱི་རིག་གཞུང་གི་རིན་ཐང་གལ་གནད་ཆེ་ཚུལ་སྐོར་དང་། བོད་ནང་དུ་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་ཀྱང་གནང་འདུག རྩ་བའི་སྲིད་སྐྱོང་མཆོག་ཐེངས་འདིར་ཡུལ་གྲུ་དེ་གཉིས་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་གྱི་ལས་གཞི་དང་འབྲེལ་བའི་གནད་དོན་ཆེད་ཕེབས་པ་ཞིག་ཡིན་པ་དང་། ལས་རིམ་ལྟར་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༨ ཉིན་ཌེན མག་གི་རྒྱལ་ས་ཀོ་པན་ཧེ་གྷན་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༨ ནས་ ༢༠ བར་ཁུལ་དེའི་ལས་རིམ་ཁག་གྲུབ་རྗེས།
ཕྱི་ཚེས་ ༢༡ ཉིན་ཀོ་པན་ཧེ་གྷན་ནས་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ཕེབས་འབྱོར་གནང་སྟེ། ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ས་གནས་སུ་ལས་རིམ་གྲུབ་བསྟུན། ཕྱི་ཚེས་ ༢༤ ཉིན་ཨོ་སི་ལོ་ནས་ཇར་མན་གྲོང་ཁྱེར་མུ་ནིཀ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྗེས། ཕྱི་ཚེས་ ༢༥ དང་ ༢༦ ཉིན་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག དེ་ཡང་ཐེངས་འདིར་སྲིད་སྐྱོང་མཆོག་ཌེན་མག་ནང་ཕྱོགས་ཕེབས་སྐབས་ཡུལ་དེའི་གསར་འགོད་པ་ཚོས་དོ་སྣང་ཧ་ཅང་གནང་སྟེ་གསར་ཤོག་དང་བརྙན་འཕྲིན་སོགས་ནང་ཁྱབ་བསྒྲགས་རྒྱ་ཆེ་བྱུང་ཡོད་པ་བཅས།།