༢༠༡༤ ཟླ་ ༥ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༦ ནས་ཚེས་ ༡༢ བར་ལུགས་ཟུང་བསམ་གྲུབ་གླིང་གཞིས་གྲོང་ ༡ ནས་གཞིས་གྲོང ༡༦ བར་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་དང་། དེ་ནས་ཟླ་ ༥ ཚེས་ ༡༣ ནས་ཚེས་ ༡༩ བར་བདེ་སྐྱིད་སླར་གསོ་གཞིས་གྲོང་ ༡ ནས་གཞིས་གྲོང་ ༡༢ བར་དང་།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བརྒྱད་པ་ཡན་གྱི་དགེ་སློབ། སེར་བྱེས་དང་སེར་སྨད་གྲྭ་ཚང་ཀྱི་དགེ་འདུན་རྣམ་པ། རྣམ་གྲོལ་གླིང་དང་བཙུན་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་དང་བཙུན་མ་བཅས་སྔ་རྗེས་སུ་ཁྱོན་བསྡོམས་སེར་སྐྱ་མི་མང་ ༦༩༡༥ ལ་ཁྲིམས་ཞིབ་པ་གསར་པ་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད་དང་། ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཁོངས་ཁྱབ་ཚད། གོང་ཞུའི་ཁྲིམས་ཁོངས། ཞུ་སྦྱོར་ཡིག་ཆ་དང་དེབ་འགོད་བྱ་ཚུལ། གཞི་རྩའི་ཐོབ་ཐང་ལག་བསྟར་ཡོང་བའི་བདེ་སྙན། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ཇི་ཡོད་ངོ་སྤྲོད། ཟུར་བཙུགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཅས་ཀྱི་སྐོར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་མ་ཟད། གཏུག་བཤེར་བྱ་རིམ་དང་ཞུ་རྩ་གཉིས་ཀྱི་འདྲ་བཤུས་ ༡༦༣༩ ཙམ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡུལ་ཁག་ཏུ་འགྲེམས་སྤྲོད་གནང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།