༢༠༡༤ ཟླ་ ༥ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༨ རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་འགྲེམས་སྟོན་ཁང་གི་དྲ་རྒྱ་གསར་པ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་དབུ་འབྱེད་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་ཐོག་མར་འགྲེམས་སྟོན་ལ་གཟིགས་སྐོར་གནང་གྲུབ་མཚམས་འགྲེམས༌སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་དེར་འདུས་གསར་འགོད་པ་དང་སློབ་ཕྲུག་སོགས་ཁྱོན་མི་གྲངས ༤༠ བརྒལ་བ་རྣམས་ལ་འགྲེམས་སྟོན་ཚན་པ་ནས་དྲ་རྒྱ་གསར་བཟོ་བྱེད་དགོས་དོན་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་དྲ་རྒྱ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། ཐོག་མར་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་དྲ་རྒྱ་ཞིག་གསར་བཟོ་གནང་ཡོད། དེ་རིང་གོང་དུ་འགྲེམས་སྟོན་ཁག་ལ་ལྟ་སྐབས་སྔར་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ཧ་ཅང་གྲ་སྒྲིག་པོ་བྱུང་འདུག་པས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་སྐབས་གནས་ཚུལ་གང་ཞིག་ཡིིན་རུང་དྲ་རྒྱའི་བརྒྱུད་ལམ་ནས་འཛམ་གླིང་ཐོག་མྱུར་ཚད་མཐོན་པོས་ཁྱབ་སྤེལ་འགྲོ་བཞིན་ཡོད།
སྤྱིར་བཏང་རྒྱལ་སྤྱིའི་འགྲེམས་སྟོན་གྱི་ཉིན་མོ་སྲུང་བརྩི་ཐེངས་ ༣༧ གནང་ཟིན་ཡོད་ཀྱང་ང་ཚོ་ཐེངས་དང་པོ་ཆགས་ཡོད་པར་བརྟེན་ཕྲན་བུ་རྗེས་ལུས་ལྟ་བུ་ཆགས་ཡོད། བོད་ནང་རིག་གནས་གསར་བརྗེ་བྱུང་བ་ནས་བཟུང་ཆོས་རིག་ཐོག་ལ་ཧ་ལས་པའི་ཉམས་ཆག་ཕྱིན་ཡོད། ད་ལྟ་ཡིན་རུང་དཀའ་ངལ་མང་དག་ཅིག་ཕྲད་དང་འཕྲད་མུས་རེད། དེར་བརྟེན་ང་ཚོས་དཀའ་ངལ་དེ་དག་འཛམ་གླིང་ནང་གསལ་པོ་བཟོ་ཐུབ་ཡོད་མེད་ཀྱི་དྲི་བ་ཞིག་བཏང་ན་ཕལ་ཆེར་ང་ཚོར་འདོད་པ་ཁེངས་པ་ཤིག་བྱུང་མེད་པ་རེད་སྙམ་གྱི་འདུག ང་ཚོའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། གོམས་གཤིས་རྣམས་འཛམ་གླིང་འདིའི་ཐོག་ནས་རྩ་ཆེན་པོ་རྩི་བཞིན་ཡོད། དེ་རིང་འདིར་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་དྲ་རྒྱ་གསར་བཟོ་གནང་དགོས་དོན་ནི། མ་འོངས་པར་བོད་ཀྱི་རྩ་ཆེན་རིག་གཞུང་གིས་མཚོན་རྒྱ་ནག་གཞུང་ནས་བོད་ནང་གཏོར་བཤིག་ག་ཚོད་བཏང་བ་རྣམས་འཛམ་གླིང་འདིའི་ཐོག་སྔར་ལྷག་ཁྱབ་བསྒྲགས་ཡོང་ཆེད་རེད། དྲ་རྒྱ་འདི་བརྒྱུད་ནས་འཛམ་གླིང་འདིའི་ཐོག་བོད་ཀྱི་གནས་སྟངས་གསལ་པོ་བཟོ་དགོས་རྒྱུ་ནི་བོད་མི་རིགས་དང་བསྟན་སྲིད་སླད་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་གསར་འགོད་པ་རྣམས་ཧ་ཅང་གལ་འགངས་ཆེན་པོ་རེད། འཛམ་གླིང་འདིའི་ཐོག་གསར་འགོད་པ་ཚོ་ཉན་པའི་རྣ་ཆོག་དང་ལྟ་བའི་མིག་གསར་འགྱུར་བརྒྱུད་ལམ་ཁག་ཆགས་ཡོད། དེར་བརྟེན་གསར་འགོད་པ་ཚོས་གནས་ཚུལ་གང་ཞིག་ཡིན་རུང་དྲང་བདེན་ཐོག་འགོད་སྤེལ་བྱེད་རྒྱུ་གསར་འགོད་པ་ཚོའི་འགན་འཁྲི་གཙོ་བོ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེམས་སྟོན་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། དེ་རིང་འདིར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་སྟབས་བསྟུན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་དྲ་རྒྱ་གསར་བཟོའི་དབུ་འབྱེད་དུ་ཕེབས་པའི་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་གཙོས་རྣམ་པ་ལྷན་རྒྱས་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་ཚང་མས་འགྲེམས་སྟོན་ཁང་འདི་འཛུགས་དགོས་དོན་དང་བརྒྱུད་རིམ་གང་འདྲ་ཡིན་མིན་དྲན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འགྲེམས་སྟོན་ཁང་འདི་ཕྱི་ལོ་ ༡༩༩༨ ལོར་དགོངས་པ་བཞེས་ཏེ་ཕྱི་ལོ་ ༢༠༠༠ ལོར་དབུ་འབྱེད་གནང་བ་རེད། དེ་སྔོན་དཔེ་མཛོད་ཁང་དང་ལྡི་ལི་བོད་ཁང་དུ་འགྲེམས་སྟོན་ཁང་ཡོད། འོན་ཀྱང་བོད་ཀྱི་ཆོས་རིག་དང་ཆབ་སྲིད། མིའི་ལོ་རྒྱུས། དེ་བཞིན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཆ་ཚང་བ་འཆར་གཞི་དང་ལྡན་པའི་འགྲེམས་སྟོན་ཁང་འདི་མ་གཏོགས་ཕལ་ཆེར་བྱུང་མྱོང་མེད། སྤྱིར་བཏང་ང་ཚོ་བོད་པའི་གོམས་གཤིས་ལ་མི་རྟག་པའི་རང་བཞིན་རེད། ཅེས་ནས་སྐབས་མཚམས་དྲན་གསོ་བྱས་པ་མ་གཏོགས་མུ་མཐུད་ནས་སེམས་ནང་འཇོག་གི་མེད། དཔེར་ན། མི་འདས་གྲོངས་སུ་གྱུར་ཏེ་ཞག་བཞི་བཅུ་ཞེ་དགུ་དང་ལོ་གཅིག་ཕྱིན་རྗེས་མི་རྟག་པའི་རང་བཞིན་དུ་བརྩིས་ཏེ་དྲན་གསོ་བྱེད་རྒྱུ་བོད་པའི་གོམས་གཤིས་ནང་མེད་པ་རེད།
འོན་ཀྱང་ང་ཚོ་བོད་མི་རིགས་དང་སྤྱི་ཚོགས་ད་ལྟའི་ཡ་ང་བའི་གནས་ཚུལ་འདི་དག་གི་བརྒྱུད་རིམ་མི་རྟག་པའི་རང་བཞིན་དུ་བཞག་ན། མ་འོངས་པར་རང་དབང་འཐབ་རྩོད་དང་རིག་གཞུང་རྒྱུན་འཛིན་སོགས་ལ་དོ་ཕོག་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་ཐོག་འགྲེམས་སྟོན་ལ་ཆེད་དུ་མཉམ་ཞུགས་གནང་མཁན་ཅོན་ཏ་ར་རྒྱ་གར་གཞུང་གི་སློབ་གྲྭའི་དགེ་སློབ་ཁག་གཅིག་གིས་གཙོས་ཅོན་ཏ་ར་བོད་ཁྱིམ་དང་། ཅོན་ཏ་ར་སམ་བྷོ་ཊ། སུ་ཇ་བོད་ཁྱིམ་གྱི་དགེ་སློབ་ཁག་གཅིག དེ་བཞིན་མེས་དབོན་དཔེ་སྟོན་གྲྭའི་སློབ་སྤྱི་དང་སློབ་ཕྲུག་བཅས་ཀྱི་མིང་གཞུང་སྒྲོགས་སྦྱང་དང་འབྲེལ་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་རིམ་བཞིན་མཇལ་དར་གནང་གྲུབ་མཚམས་དབུ་འབྱེད་ཀྱི་མཛད་སྒོ་དངོས་གཞི་གྲོལ་ཡོད། དེ་ནས་ཆུ་ཚོད་ ༡༡ ཐོག་ཆབ་སྲིད་བཙོན་ཟུར་གཉིས་ཀྱིས་གསུང་བཤད་དང་། ཕྱེད་ཡོལ་གློག་བརྙན་ཁག་གཅིག་ཀྱང་བསྟན་ཡོད། དེ་ཉིན་གྱི་འགྲེམས་སྟོན་ལ་ཕྱི་ནང་གི་མི་དམངས་ ༡༤༠༠ བརྒལ་བར་ཕེབས་ཡོད་པ་དེ་ནི་འགྲེམས་སྟོན་ཁང་འདིར་ཕེབས་མཁན་གྱི་ཁ་གྲངས་མང་ཤོས་དེ་ཆགས་ཡོད།
ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གསར་དུ་དབུ་འབྱེད་བྱས་པའི་དྲ་རྒྱའི་ཁ་བྱང་www.tibetmuseum.org ཡིན་འདུག་ན། རྒྱ་ཆེའི་མང་ཚོགས་ནས་གང་མང་གཟིགས་གནང་ཡོང་བ་ཞུ་རྒྱུ་བཅས། །