༢༠༡༤ ཟླ་ ༥ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་གྲོང་ཁྱེར་ཕེ་རེང་ཕོ་ཊིའི་ Frankfurt སེན་པོལ་ཡི་ཤུའི་ལྷ་ཁང་པོལ་སི་ཀིར་ཆེའི་ St Paul’s Church – Paulskirche ནང་དུ་སྔ་དྲོ་ཐོག་མར་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་དང་བཟང་སྤྱོད་སྐོར་བཀའ་སློབ་སྩལ། དེ་ཡང་ཐོག་མར་ཕེ་རེང་ཕོ་ཊིའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་པི་ཊར་ཕིལ་ཌི་མན་ Lord Mayor of Frankfurt, Peter Feldmann མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས་ཚོགས་བཅར་བ་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་གནང་།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གུས་བརྩི་ལྡན་པའི་གཅེན་གཅུང་རྒན་གཞོན་རྣམ་པར་འཚམས་འདྲི་ཞུ་བ་དང་སྦྲགས། དེ་རིང་ངོས་རང་འདིར་འགྲོ་བ་མི་ཞིག་ཡིན་བསམ་པའི་འདུ་ཤེས་ཐོག་ནས་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། གཅེན་གཅུང་ན་གཞོན་ཚོ་དང་ནམ་ཐུག་སྐབས་ངོས་རང་ཉིད་ཀྱང་ན་གཞོན་ཡིན་པའི་ཚོར་བ་སྐྱེ་བཞིན་འདུག
དེ་མིན་ལོ་རྒན་པ་ཚོ་དང་ཐུག་སྐབས་འཆི་བར་སུ་མགྱོགས་འགྲན་བསྡུར་བྱེད་བཞིན་པ་ལྟ་བུའི་ཚོར་བ་སྐྱེ་བཞིན་འདུག ངོས་རང་དུས་རབས་ ༢༠ ནང་གཏོགས་པའི་མི་རབས་ཆགས་ཡོད།
གཞོན་སྐྱེས་ཁྱེད་རང་ཚོ་དུས་རབས་ ༢༡ མི་རབས་ཆགས་ཡོད། འདས་པ་ནི་ཕྱིན་ཟིན་པར་བརྟེན་དྲན་གསོ་བྱ་རྒྱུ་ཙམ་ལས་དེར་ནོར་བཅོས་བྱ་རྒྱུ་གང་ཡང་མེད། གང་བཅོས་སུ་ཡོད་པ་ནི་མ་འོངས་འབྱུང་འགྱུར་གྱི་གནས་སྟངས་དེ་རེད། དུས་རབས་ ༢༠ ནི་དམག་འཁྲུག་དང་འཚེ་བའི་དུས་རབས་ཤིག་ཏུ་གྱུར་ཡོད། དུས་རབས་དེའི་ནང་མི་གྲངས་ས་ཡ་ ༢༠༠ ཙམ་དམར་གསོད་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་དུས་རབས་ ༢༡ འདི་ངེས་པར་དུ་འཚེ་མེད་ཞི་བའི་དུས་རབས་ཤིག་སྐྲུན་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ།
ཕྱེད་ཡོལ་༸གོང་ས་མཆོག་གིས་ཡི་ཤུའི་བླ་ཆེན་བྷི་ཤོབ་དང་ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་རྣམས་དང་ལྷན་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་སྐོར་བགྲོ་གླེང་ལྷན་ཚོགས་ནང་ལྷན་ཞུགས་མཛད་དེ་བཀའ་སློབ་སྩལ་དོན།
ངོས་རང་རྒྱ་གར་ནང་ལོ་ ༥༥ བསྡད་པའི་ཉམས་མྱོང་ལ་གཞི་བཅོལ་ནས་ཞུས་ན། འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་ནང་ཆོས་ལུགས་དང་སྐད་ཡིག རིག་གཞུང་སོགས་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་རྒྱ་གར་རང་བཙན་ཐོབ་པ་ནས་ད་བར་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ངང་གནས་ཐུབ་ཡོད། དེ་ནི་གཙོ་བོ་རྒྱ་གར་གྱི་རྩ་ཁྲིམས་ནང་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་རིས་མེད་ལ་བརྩི་བཀུར་ཞུ་རྒྱུའི་སྲོལ་བཟང་ཞིག་ཡོད་པ་དེ་ལས་བྱུང་བ་ཞིག་ཡིན། རྒྱ་གར་གྱི་རྩ་ཁྲིམས་ནང་འཁོད་པའི་ཆོས་ལུགས་རིས་མེད་འདི་ཆོས་ལུགས་ལ་དགག་པ་བརྒྱབ་པའི་ལྟ་གྲུབ་ཅིག་རེད།
ཅེས་སུས་ཀྱང་བརྗོད་མི་ཐུབ། ངོས་ཀྱིས་ཆོས་ལུགས་རིས་མེད་ལ་ལྟ་སྐབས་གཙོ་བོ་ཚན་རིག་དང་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་ལྟ་བཞིན་ཡོད། རང་གཞན་གཉིས་ལ་ཕན་པའི་ལས་དེ་བཟང་པོ་དང་རང་གཞན་གཉིས་ལ་གནོད་པའི་ལས་དེ་ངན་པར་བརྩི་དགོས།
དེར་བརྟེན་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་དེ་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཀྱི་གཞི་རྩ་ལྟ་བུ་ཡིན། ཞེས་བཀའ་སློབ་སྩལ།
ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་སྔ་དྲོའི་མཛད་འཆར་བསྐྱངས་རྗེས་ཐེངས་འདིའི་ལ་ཏི་ཝི་ཡ་དང་ནོར་ཝེ། ཧོལ་ལེན་ཌི། ཇར་མན་བཅས་ཀྱི་མཛད་འཕྲིན་རྣམས་ཡོངས་སུ་ཐུགས་གྲ་ལེགས་གྲུབ་མཚམས་རྒྱ་གར་དུ་ཆིབས་ཞལ་སྒྱུར་རྒྱུ་ཡིན་འདུག་