༢༠༡༤ ཟླ་ ༥ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་ནང་མཛད་འཕྲིན་ཉིན་གཉིས་པའི་སྐབས་ཐོག་མར་གསར་འགོད་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཆེད་དོན་དྲི་བར་བཀའ་ལན་སྩལ། དེ་རྗེས་ཇར་མན་བོད་ཁང་གི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ། དེ་ཡང་ཐོག་མར་གསར་འགོད་པ་རྣམས་ལ་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ།
དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར་སོགས་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། བྱིས་པའི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བྱིས་པ་ཨེ་ལི་ཛེ་བྷེ་ཏི་ཤི་ཀ་དིས་ Elisabetta Schadt དྲི་བ་ཞུས་པར་བཀའ་ལན་སྩལ། དེ་རྗེས་དོལ་རྒྱལ་སྐོར་གྱི་རྙོག་གྲ་སེལ་ཐུབ་མིན་སྐོར་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་ཐོག་མར་དོལ་རྒྱལ་བྱུང་སྟངས་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་མཛད་རྗེས་དེ་སྔ་ཨི་ཊ་ལིའི་གསར་འགོད་པ་ར་ཡི་མུན་ཌོ་བྷུལ་ཏི་རི་ནི་ Raimondo Bultrini ལགས་ཀྱིས་ཏཱ་ལའི་བླ་མ་དང་རྡོ་རྗེ་ཤུགས་ལྡན། ‘The Dalai Lama and the King Demon’ ཞེས་པའི་དཔེ་དེབ་གཅིག་བྲིས་པ་དེ་གཟིགས་ན་གནས་ཚུལ་རྒྱས་པོ་ཡོད་སྐོར་བཀའ་ལན་སྩལ།
དེ་རྗེས་ཇར་མན་བོད་ཁང་ཚོགས་མི་རྣམས་ལ་མཇལ་ཁ་དང་ཇར་མན་བོད་ཁང་འདི་བོད་བརྒྱུད་ནང་བསྟན་གོ་རྟོགས་སྤེལ་རྒྱུའི་བསྟི་གནས་ཁང་ཙམ་མིན་པར་འདིར་སེམས་དང་སེམས་ཚོར་གྱི་རྣམ་གཞག་སྐོར་སོགས་ལ་གོ་རྟོགས་སྤེལ་ཐུབ་ན་་དགེ་མཚན་ཆེ་བ་ཡོད་སྐོར་སོགས་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ཕར་པོ་ཊི་རྩེ་རྭར་ Fraport Arenaཆིབས་སྒྱུར་བསྐྱངས་ཏེ་མི་གྲངས་ ༤༨༠༠ བརྒལ་བར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ནང་སེམས་ཀྱི་རིན་ཐང་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་དོན། མི་ཚེའི་དགོས་དོན་གཙོ་བོ་བདེ་སྐྱིད་ཡིན། ང་ཚོའི་མི་ཚེ་འདི་བཟང་ཕྱོགས་ཀྱི་རེ་བ་ཞིག་ལ་བརྟེན་ནས་འཚོ་བཞིན་ཡོད། གལ་ཏེ་རེ་བ་བྲལ་བ་ཡིན་ན་ཚེ་ཐུང་རུ་འགྲོ་སྲིད། དེར་བརྟེན་མི་ཚེའི་དགོས་འདུན་གཙོ་བོ་ནི་བདེ་སྐྱིད་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ། ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཆོས་ལུགས་ཀྱི་རྒྱ་ལས་འདས་པའི་བཟང་སྤྱོད་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག