༢༠༡༤ ཟླ་ ༥ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༢ ཉིན་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོལ་ལེན་ཌིའི་ཨི་རེ་སི་མ་སིའི་གཙུག་ལག་སློབ་ཁང་དུ་ Erasmus University ཆིབས་སྒྱུར་བསྐྱངས་ཏེ་སེམས་ཀྱི་སློབ་གསོ། ‘Education of the Heart’ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་གཙུག་ལག་སློབ་ཁང་གི་ཚོགས་ཁང་དུ་༸གོང་ས་མཆོག་༸ཞབས་སོར་འཁོད་བསྟུན། ཧོལ་ལེན་ཌིའི་སྲིད་བློན་ཟུར་པ་སྐུ་ཞབས་ར་ཌི་ལུབ་པར་ Dutch Prime Minister Ruud Lubbers མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་ཡོད། སྐབས་དེར་ཆེད་མངགས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གླུ་གཞས་ཕྱོགས་སྒྲིག་ཞུས་པ་ཞིག་ཀྱང་དབྱངས་སུ་གྱེར།
དེ་རྗེས་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཌེ་ནི་ཡལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆཽག་དང་ཧོལ་ལེན་ཌིའི་སྲིད་བློན་ཟུར་པ་སྐུ་ཞབས་ར་ཌི་ལུབ་པར་མཆོག་་སེ་གྷལ་Daniel Siegel ལགས་ཀྱིས་དེར་འདུས་མང་ཚོགས་ ༦༠༠ ལྷག་ལ་སེམས་ཀྱི་སློབ་གསོའི་སྐོར་གྱི་ལྷན་ཚོགས་འདི་གོ་སྒྲིག་ཞུས་དགོས་པའི་རྒྱུ་མཚན་ཐོག་གསལ་བཤད་ཞུས་དོན། དེ་རིང་འདིར་སེམས་ཀྱི་སློབ་གསོའི་སྐོར་ལྷན་ཚོགས་འདི་ཚོགས་དགོས་པའི་རྒྱབ་ལྗོངས་གནས་སྟངས་སྐོར་ཕྲན་བུ་ཞུས་ན། གཙོ་བོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད། Ethics Beyond Religion ཅེས་པའི་ཕྱག་དེབ་དེས་ང་ཚོར་བློ་སྤོབས་སྦྱིན་བྱུང་།
དེར་བརྟེན་ང་ཚོས་དེ་རིང་འདིར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་བྱ་དེ་དག་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཇི་ལྟར་འཇོག་ཐུབ་མིན་སྐོར་སོགས་ལ་གྲོས་མོལ་ཞུ་རྒྱུ་ཡིན། དེར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཆིབས་སྒྱུར་བསྐྱངས་དང་སྐྱོང་བཞིན་པར་བརྟེན་གནད་དོན་དེ་དག་སྐོར་ལ་གཟིགས་ཕྱོགས་ཇི་ཡོད། ཅེས་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ཐོག་མར་ངོས་རང་ཁྱེད་རྣམས་དང་ལྷན་དུ་ལྷན་ཚོགས་འདི་ལྟ་བུར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ལྷག་པར་ངོས་རང་གཞོན་སྐྱེས་ཚོ་དང་ཐུག་རྒྱུར་དགའ་པོ་ཡོད་པར་བརྟེན་དེ་རིང་འདིར་གཞོན་སྐྱེས་མང་པོ་ཞིག་འདུ་འཛོམས་བྱས་འདུག དེར་བརྟེན་ངོས་རང་ཡང་ན་གཞོན་ཞིག་ཡིན་པའི་ཚོར་སྣང་སྐྱེ་བཞིན་འདུག
གཞོན་སྐྱེས་ཁྱེད་རང་ཚོ་ནི་མ་འོངས་འཛམ་གླིང་འདི་བཟང་པོ་ཞིག་ཆགས་རྒྱུའི་རེ་བའི་མིག་དཔེ་ལྟ་བུ་ཆགས་ཡོད། འདིར་ལོ་ན་ ༦༠ བརྒལ་ཟིན་པ་རྣམས་དུས་རབས་ ༢༠ མི་རབས་ཆགས་ཡོད། དུས་རབས་ ༢༠ ནི་འདས་ཟིན། ང་ཚོས་དུས་རབས་དེ་ནས་བློ་སྐྱེས་བླང་ཐུབ་པ་ཙམ་ལས་དེར་བསྒྱུར་བཅོས་གང་ཡང་གཏོང་མི་ཐུབ། འོན་ཀྱང་འབྱུང་འགྱུར་གྱི་གནས་སྟངས་བཟང་ངན་ཇི་འདྲ་ཞིག་བཟོ་མིན་ནུས་པ་ཆ་ཚང་ཁྱེད་ཚོའི་ལག་ཏུ་ཡོད། ཁྱེད་རྣམས་དུས་རབས་ ༢༡ གི་མི་རབས་ཡིན་སྟབས་འཛམ་གླིང་བཟང་དུ་གཏོང་རྒྱུའི་གོ་སྐབས་ཆ་ཚང་ཁྱེད་ཚོར་ཡོད། དུས་རབས་ ༢༠ ནང་ལྟར་གོ་སྐབས་ནམ་བྱུང་ལ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དེ་དྲག་སྤྱོད་ཁོ་ནར་མ་བརྟེན་པར་དཀའ་ངལ་འཕྲད་སྐབས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས།
དཀའ་ངལ་རྣམས་འཚེ་བའི་ལམ་ནས་སེལ་ཐབས་བྱེད་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན། དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་དེ་དག་གིས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་འགྲོ་བ་མི་རིགས་སྤྱིའི་དཀའ་ངལ་སེལ་ཐབས་ཇི་འདྲ་བྱེད་དགོས་མིན་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཆགས་ཡོད། དེ་སྔ་དང་མི་འདྲ་བར་ང་ཚོ་ད་ཆ་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་དུས་ཚོད་ཡིན། འོན་ཀྱང་ང་ཚོས་ད་དུང་ང་ཚོ་དང་ཁྱེད་ཚོ། ཞེས་རང་གཅེས་འཛིན་དང་གཞན་ཡལ་བར་དོར་རྒྱུའི་བསམ་བློ་དེ་མུ་མཐུད་ནས་བཏང་སྟེ་ཕྱིན་ན་རང་གཞན་ཚང་མ་ཕུངས་ལ་སྦྱོར་གྱི་རེད།
དེང་སྐབས་འཛམ་གླིང་གི་ས་ཆ་མང་པོའི་ནང་དབུལ་ཕྱུག་དབར་གྱི་བར་ཁྱད་ཧ་ཅང་ཆེན་པོ་ཡོད། ང་ཚོས་བཟང་སྤྱོད་ཀྱི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་གོང་སྤེལ་གཏོང་ཐབས་བྱེད་དགོས། འོན་ཀྱང་བཟང་སྤྱོད་དེ་ཆོས་ལུགས་བྱེ་བྲག་པ་གཅིག་ལ་བརྟེན་ན་རྙོག་གྲ་ཧ་ཅང་ཆེན་པོ་ཆགས་ཀྱི་རེད། མི་ཚང་མས་ཆོས་ལུགས་གཅིག་ལ་དད་པ་བྱེད་དགོས་རེད། ཅེས་བརྗོད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་མི་འབོར་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་དེང་དུས་ཤེས་ཡོན་ལམ་སྲོལ་ནང་ཆོས་ལུགས་ལ་གཞི་མ་བཅོལ་བའི་བཟང་སྤྱོད་འཇོག་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་དང་དྲི་བ་རྣམས་ལ་བཀའ་ལན་སྩལ། དེ་རྗེས་༸གོང་ས་མཆོག་གིས་སློབ་ཕྲུག་ཁག་གཅིག་དང་ལྷན་ཤིང་སྣ་འདེབས་འཛུགས་ཀྱང་མཛད་ཡོད།
དེ་ཉིན་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།