༢༠༡༤ ཟླ་ ༥ ཚེས་ ་༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་དར་ལེན་ཌིའི་གྲོང་ཁྱེར་རོ་ཊར་ཌམ་དུ་བོད་ཀྱི་ནང་ཆོས་དང་བོད་དོན་ཐོག་དོ་སྣང་ཡོད་མཁན་མི་སྣ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་ཁོང་རྣམ་པར་བཀའ་སློབ་སྩལ་དོན། བོད་མིའི་གནས་སྟངས་ཐོག་དྲི་བ་ཁག་འདྲ་མིན་ཡོད་པའི་ནང་ནས་ངོས་ཀྱིས་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་པའི་སྐོར་བརྗོད་འདོད་བྱུང་། ངོས་ཀྱིས་དེ་སྔ་རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཞིག་གིས་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེ་གཉིས་དང་བསྡུར་ནས་ལྟ་སྐབས་བོད་འདི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་བོད་དེ་འཛམ་གླིང་གི་སྣེ་གསུམ་པར་འགྲེལ་བརྗོད་བྱས་པའི་སྙན་ཐོ་ཞིག་མཐོང་བྱུང་།
ཨེ་ཤི་ཡའི་ནང་གི་རྒྱུག་ཆུ་ཆེ་ཁག་རྣམས་ཀྱི་འབྱུང་ཁུངས་བོད་ཆགས་ཡོད། བོད་ཀྱི་ཆུ་ཆེན་ཁག་ལ་བརྟེན་ནས་འཚོ་གནས་བྱེད་མཁན་མི་འབོར་དུང་ཕྱུར་གཅིག་ལྷག་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་བརྒྱབ་པ་དེས་རྒྱ་གར་དང་བྷང་ལ་དེ་ཤིའི་མི་འབོར་རྣམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད། དེར་བརྟེན་ངོས་ཀྱིས་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་གནང་སྟེ་དེའི་ཁྲོད་ནས་མཁས་དབང་ཁག་གཅིག་བོད་ནང་ཕེབས་ཏེ་བོད་ཀྱི་ཁོར་ཡུག་གནས་སྟངས་སྤྱི་དང་། ལྷག་པར་ད་བར༌བོད་ཀྱི་ཁོར་ཡུག་ཐོག་གནོད་སྐྱོན་ཇི་ཙམ་བཟོས་ཡོད་པ་དང་། དེ་དག་ཇེ་སྡུག་ཏུ་མི་འགྲོ་ཆེད་ཐབས་ལམ་ཇི་འདྲ་བརྟེན་དགོས་མིན་སོགས་ལ་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་གནས་ཚུལ་དེ་དག་རྒྱ་ནག་གི་དབང་འཛིན་པ་ཚོར་འགྲེལ་བརྗོད་གནང་དགོས། གང་ཡིན་བརྗོད་ན་ཁོ་པ་ཚོས་གནད་དོན་དེ་དག་སྐོར་ཞིབ་ཕྲ་རྒྱུས་མངའ་མེད། ཅེས་བཀའ་སློབ་སྩལ།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་བཀའ་སློབ་ཕེབས་དོན། འདས་པའི་ལོ་ ༡༥ གོང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞིག་གིས་བོད་འདི་རྒྱ་ནག་དང་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཆེ་ཤོས་ནི་ནང་ཆོས་རེད། ཅེས་དྲིལ་བསྒྲགས་བྱས་ཡོད། དེར་བརྟེན་བོད་པའི་དགོན་སྡེ་ཁག་གི་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེ་རུ་བཏང་སྟེ་དགེ་འདུན་པ་དང་བཙུན་མ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱ་གཞག་སྤྱི་དང་ལྷག་པར་དགེ་བཙུན་རྣམས་ཀྱིས་ཉིན་ཞག་ཕྲུགས་གཅིག་ནང་འགྲོ་སྡུག་སྤྱོད་གསུམ་ལ་སྟངས་འཛིན་ཆེད་སོ་ལྟའི་པར་ཆས་བཙུགས་པ་སོགས་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་རེད། རྒྱུ་མཚན་དེ་དག་ལ་རྟེན་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ཞི་བའི་སྒེར་ལངས་བྱས་ཡོད། ཞེས་བཀའ་སློབ་སྩལ་རྗེས་བོད་ནང་དུ་ཆོས་དད་རང་དབང་སྐོར་བཀའ་སློབ་སྩལ་དོན།
བོད་ནང་དུ་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་དང་འབྲེལ་ནས་དེ་རིང་དོལ་རྒྱལ་རྗེས་འབྲང་པས་ངོས་ཀྱིས་ཆོས་དད་རང་དབང་སྤྲོད་ཀྱི་མེད་པར་བསྙད་དེ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད། ཁོ་པ་ཚོས་ཆོས་དད་རང་དབང་དོན་དུ་གཉེར་ཁུལ་རེད། འོན་ཀྱང་དོན་དངོས་ངོས་ཀྱིས་དེ་སྔ་དོལ་རྒྱལ་བསྟེན་པར་བརྟེན་ཆོས་དད་རང་དབང་ཤོར་བ་རེད། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆ་ནང་ལ་བཞག་ན་དོལ་རྒྱལ་གྱིས་གནོད་པ་གཏོང་ཚུལ་བརྗོད་ཀྱི་ཡོད། ངོས་ཀྱི་ཡོངས་འཛིན་གླིང་རིན་པོ་ཆེ་དམ་པ་མཆོག་གིས་དོལ་རྒྱལ་ལ་མཐའ་གཅིག་ཏུ་དགག་པ་སྐྱོན་གྱི་ཡོད། དེར་བརྟེན་ངོས་རང་སྐབས་དེར་དོལ་རྒྱལ་བསྟེན་གསོལ་བྱེད་བཞིན་ཡོད་སྟབས་སྐབས་ཤིག་ངོས་ཀྱིས་རྙིང་མའི་བཀའ་ཆོས་ཞུ་འདོད་ཡོད་ཚུལ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་སྐབས་ཡོངས་འཛིན་མཆོག་གིས་དེར་དམ་བསྒྲགས་གནང་བ་རེད། དེར་བརྟེན་དོལ་རྒྱལ་བསྟེན་གསོལ་བྱས་པས་ངོས་ལ་ཆོས་དད་རང་དབང་ཐོབ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་དོལ་རྒྱལ་ལ་དམ་བསྒྲགས་བྱས་པ་དེས་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དམ་བསྒྲགས་དང་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན་ཁ་བྲལ་ལས་ཀ་ངོ་མ་དེ་རྒྱ་ནག་གཞུང་གིས་བྱེད་བཞིན་ཡོད། དཔེར་ན། ང་ཚོས་ཁྱི་ཞིག་ལ་ཉེས་རྡུང་བཏང་ན་ཁོ་བྲོས་འགྲོ་གི་རེད། ཁྱི་དེ་སོ་སོའི་ཉེ་འགྲམ་ལ་འཁོར་དགོས་འདུག་ན་ཁོ་ལ་བྱམས་སྐྱོང་བྱེད་དགོས། བོད་མི་ཚོ་མི་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ངོ་ཐོག་བོད་མིའི་ཐུན་མིན་རིག་གཞུང་ལ་སྲུང་བརྩི་གང་ཡང་མེད་པར་ཕྱི་དངོས་པོའི་འཛུགས་སྐྲུན་གཅིག་པུས་མགོ་སྐོར་གཏོང་ཐབས་བྱེད་བཞིན་པ་དེས་བོད་མི་ཚོ་མགོ་སྐོར་ནམ་ཡང་ཐེབས་ཀྱི་མ་རེད། བོད་མི་ཚོ་དུད་འགྲོ་མ་རེད།
བོད་མི་ཙམ་མིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་དར་ནང་སྐར་མ་ཆུང་བ་བཞི་ཡོད་པ་རྣམས་བོད་དང་ཡུ་གུར། སོག་པོ། མན་ཇུ་བཅས་གྲངས་ཉུང་མི་རིགས་བཞི་མཚོན་པ་རྣམས་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། ང་ཚོ་བོད་མི་ས་ཡ་དྲུག་ལས་མེད། འོན་ཀྱང་ང་ཚོར་ངོམས་སུ་ཆོག་པའི་སོ་སོའི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་ཡོད། ཆོས་དད་དང་སྐད་ཡིག་ཐོག་དམ་བསྒྲགས་དང་དྲག་གནོན་བྱས་པ་འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་བ་ཞིག་རེད། བོད་ནང་རྒྱ་ནག་གཞུང་གིས་གང་བྱུང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དེར་ས་གནས་བོད་རིགས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།