༢༠༡༤ ཟླ་ ༥ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཡུལ་གྲུ་ཧོལ་ལེན་ཌིའི་གྲོང་ཁྱེར་རོ་ཊར་ཌམ་ Rotterdam ནང་ཆིབས་སྒྱུར་བསྐྱངས་ཏེ་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་མཛད་པ་མ་ཟད། ཉིན་དང་པོའི་མཛད་འཕྲིན་གྱི་ཐོག་མར་རྒྱལ་ཡོངས་གསར་འགྱུར་ཚན་པས་གཙོས་བརྒྱུད་ལམ་ཁག་གསུམ་གྱི་ཆེད་དོན་དྲི་བར་བཀའ་ལན་སྩལ།
དེ་རྗེས་ཨེ་ཧོ་ཡེ་རྩེད་ཐང་ཆེན་མོར་ Ahoy Stadium ཆིབས་སྒྱུར་བསྐྱངས་སྐབས་དགེ་བཤེས་དང་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་འཐུས་མི། དེ་བཞིན་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༡༠༠༠ རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་སྔོན་དུ་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་། ངོས་རང་དེ་རིང་འདིར་ཁྱེད་རྣམ་དང་ཐུག་པ་ཧ་ཅང་དགའ་པོ་བྱུང་། ངོས་རང་ས་གནས་གང་དུ་ཕྱིན་ཡང་འཛམ་གླིང་འདིའི་ནང་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་གྱུར་ཡིན་པ་བརྗོད་ཀྱི་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད། ཆོས་ལུགས་ལ་མཚོན་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་བཅས་ཁག་གཉིས་བཞག་ཆོག ནང་པ་སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་པ་མ་ཟད། ལུས་སེམས་ལ་མ་རྟེན་པའི་རྟག་གཅིག་རང་དབང་ཅན་གྱི་བདག་ཀྱང་འདོད་ཀྱི་མེད། ཅེས་སྔོན་འགྲོའི་བཀའ་སློབ་སྩལ་རྗེས་ཛན་ཆོས་ལུགས་ཉམས་ལེན་པ་ཉི་ཧོང་པ་ཁག་གཅིག་གིས་ཉི་ཧོང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་ནས་༸གོང་ས་མཆོག་གིས་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་སྐོར་བཀའ་ཆོས་དབུ་འཛུགས་མཛད་དོན། སྟོན་པ་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། ཀུན་བྱུང་སྤོང་བར་བྱ། འགོག་པ་སྔོན་དུ་བྱ། ལམ་སྒོམ་པར་བྱ། ཞེས་གསུངས་ཡོད། དབུ་མ་པ་ཚོས་ཆོས་རྣམས་རང་ངོས་ནས་གྲུབ་པ་ཞལ་གྱིས་མི་བཞེས་པར་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་དུ་གྲུབ་པ་ཞལ་གྱིས་བཞེས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་རྣམས་ཀྱི་དྲི་བར་བཀའ་ལན་སྩལ། ཉིན་གུང་ལྗགས་སྨིན་སྐབས་གསར་འགོད་པ་སྐུ་ཞབས་ཕོ་ལོ་རི་སི་ཝན་སི་ཊར་ཊེན་ Floris van Straatenལགས་ཀྱིས་ཆེད་དོན་དྲི་བར་བཀའ་ལན་མཛད། སྐབས་དེར་༸གོང་ས་མཆོག་གིས་དེང་སྐབས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་སྐོར་དང་། སྲིད་འཛིན་ཞི་ཅིང་ཕིང་ Xi Jinping གིས་རྒྱ་ནག་ནང་དུ་དེང་སྐབས་ནང་ཆོས་ཀྱིས་རྒྱ་ནག་ནང་བཟང་སྤྱོད་ཉམས་པ་སླར་གསོ་ཡོང་རྒྱུའི་སྐོར་གསུངས་པ་རྣམས་ལུང་འདྲེན་མཛད་པ་དང་སྦྲགས། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ནི་དེ་སྔའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གུ་ཡངས་ཀྱི་བསམ་བློ་ཡོད་མཁན་སྐུ་ཞབས་ཧུ་ཡོ་ཕང་ Hu Yaobang དང་མཚུངས་པར་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་འགྲོ་མཁན་ཞིག་ཡིན་པའི་གཟིགས་སྣང་བྱུང་སྐོར་བཀའ་ལན་སྩལ།
དེ་རྗེས་ཉིན་གུང་ཆོས་འབྲེལ་མུ་མཐུད་སྩལ་རྗེས་སླར་ཡང་ཆོས་འབྲེལ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད། སྐབས་དེར་༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་དང་དོལ་རྒྱལ་སྐོར། དེ་བཞིན་སྐུའི་ཡངས་སྲིད་སྐོར་སོགས་ཀྱི་དྲི་བར་བཀའ་ལན་སྩལ། དེ་རྗེས་ཆོས་འབྲེལ་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོལ་ལེན་ཌིར་ཆོས་འགྲེལ་སྩལ་བར་བཀའ་དྲིན་རྗེས་དྲན་ཞུ་སྐབས་མང་ཚོགས་རྣམས་ཀྱིས་དགའ་བསུའི་ཐལ་མོ་ཧ་ཅང་ཤུགས་ཆེ་བརྡབས་ཏེ་ཐུགས་རྗེ་ཆེ་ཞུའི་དགའ་བསུ་ཞུས་ཡོད། ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་ཡུལ་དེའི་གྲོང་ཁྱེར་ཧེག་ Hague ནང་ཆིབས་སྒྱུར་བསྐྱངས་སྟེ་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། ཤེས་ཡོན་གྱི་སྙིང་པོ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས།།