༢༠༡༠ ཟླ་ ༨ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་རིམ་གྱི་ཆ་ཤས་སུ་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཐུན་མོང་གིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་སླད་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་གཉིས་ལྷོ་ཕྱོགས་གཞིས་ཆགས་སུ་ཕེབས་ཡོད། དེ་ཡང་ཕྱི་ཟླ་ ༨ ཚེས་ ༢༤ ནས་ ༢༥ བར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ (ITCO) ཀྱིས་མཐུན་འགྱུར་འོག་སྦེང་ལོར་དུ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད།
སྤྱིར་འཛམ་གླིང་ནང་དེང་སྐབས་ཁོར་ཡུག་གི་གནས་སྟངས་ཇི་འདྲ་ཡིན་མིན་དང་ལྷག་པར་གཅན་གཟན་གྱི་པགས་རིགས་ཉོ་ཚོང་བྱ་རྒྱུའི་ཁྲིམས་འགལ་གྱི་ལས་རིགས་སྐོར་དང། ཁོར་ཡུག་ལ་བདག་གཅེས་ཇི་འདྲ་བྱེད་དགོས་མིན་སོགས་ཀྱི་གནད་དོན་ཐད་གོ་རྟོགས་སྤེལ་བཞིན་ཡོད། དེ་ཡང་ཕྱི་ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་མོན་གྷོ་གཏན་སློབ་དང་དེའི་ཡན་ལག་སློབ་གྲྭ་ཁག་ཏུ་བསྐྱོད་རྒྱུ་དང་ཕྱི་ཚེས་ ༣༠ ཉིན་ཀོ་ལེ་གྷལ་ཉིན་སློབ་ཏུ་བསྐྱོད་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༣ ནས་༤ བར་སྦེལ་ཀོབ་བདེ་སླར་དང་ལུགས་བསམ་བཅས་ཀྱི་གཏན་སློབ་དང་བོད་ཁྱིམ་སློབ་གྲྭ་བཅས་སུ་བསྐྱོད་རྒྱུ་དང། དེ་བཞིན་ཕྱི་ཚེས་ ༦ ཉིན་ཧུན་སུར་གུ་རུ་པུ་ར་ཉིན་སློབ་ཏུ་བསྐྱོད་རྒྱུ་ཡིན་འདུག་པ་བཅས།།