༢༠༡༤ ཟླ་ ༥ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༢ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ནང་རྟེན་གཞི་བྱས་པའི་སིམ་ལ་གཙུག་ལག་སློབ་གྲྭའི་ Shimla University ནང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སིམ་ལ་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་ Vice Chancellor སྐུ་ཞབས་ཨེ་ཌི་ཨེན་བྷ་ཇི་པ་ཡི་ Mr. ADN Bajpai མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་རྗེས་སློབ་ཕྲུག་ཚོས་གཙུག་ལག་སློབ་གྲྭའི་རིགས་ཀྱི་གླུ་གཞས་བཏང་། དེ་ནས་སྐུ་མགྲོན་གཙོ་བོ་སིམ་ལ་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་བའི་སྙིང་དོན། རྒྱ་དཀར་ནག་གཉིས་དང་བོད་བཅས་ཀྱི་གནད་དོན་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་དང་། མགོ་རྙོག་ཅན་ཞིག་ཡིན་པར་བརྟེན་ཉིན་གཅིག་ནང་བགྲོ་གླེང་ལྷན་ཚོགས་ཉིན་གཅིག་གཉིས་ནང་ཚར་རྒྱུ་ཞིག་གཏན་ནས་མེད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གཟེངས་སུ་ཐོན་ནས་ཡོང་བཞིན་ཡོད། ས་ཆའི་ཆགས་བབ་ཀྱི་ཐོག་ནས་རྒྱ་གར་ལ་མཚོན་ན་བོད་འདི་བདག་དབང་ཡོད་པའི་རྒྱལ་ཁབ་གཅིག་ཏུ་གནས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་ཏེ་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་ན། རྒྱ་གར་གཞུང་གིས་ད་ལྟ་རྒྱ་ནག་གི་དམག་མིར་གདོང་ལེན་བྱེད་ཆེད་ས་མཚམས་སུ་དམག་མི་དང་དམག་གི་གོ་ལག་ཕོན་ཆེ་འགྲེམས་འཇོགས་བྱས་པ་དེ་དག་ཕྱིར་འཐེན་བྱེད་ཐུབ་རྒྱུ་ཡིན་པར་བརྟེན་ས་མཚམས་འགྲོ་སོང་ད་ལྟ་གཏོང་བཞིན་པ་དེ་ལས་ཧ་ཅང་ཉུང་དུ་འགྲོ་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་དོན།
གལ་ཏེ་ང་ཚོས་རྒྱལ་རབས་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། དུས་རབས་ ༢༠ འགོ་སྟོད་དུ་རྒྱ་གར་དབྱིན་གཞུང་གི་སྟོབས་ཤུགས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད། འོན་ཀྱང་སྐབས་དེར་རྒྱ་གར་དབྱིན་གཞུང་གི་དམག་མི་བོད་ནང་བཙན་འཛུལ་བྱེད་སྐབས་བོད་མི་ཚོས་གདོང་ལེན་བྱས་ཡོད། དབྱིན་གཞུང་གིས་རྒྱ་ནག་དང་ལྷན་གྲོས་མོལ་བརྒྱུད་ནས་དོན་ཕན་སོན་པའི་ཁེ་ཕན་གང་ཡང་མ་ཐོབ་སྟབས་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་དམག་དཔོན་ཡངྒ་ཧ་སི་བྷན་ཌི་ཡིས་སྣེ་ཁྲིད་དེ་བོད་ནང་བཙན་འཛུལ་བྱས་ནས་རྒྱལ་ས་ལྷ་སའི་བར་ཡོང་ནས་ལྷ་སའི་གྲོས་མཐུན་ཞེས་པ་འདི་བཞག་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྐབས་དེར་ལྡི་ལི་ནེ་རུ་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་སྐུ་ཞབས་སྭ་རན་སིངྒ་ Prof. Swaran Singhལགས་དང་། ཧར་ཡ་ན་ Haryana ཀུ་རུག་ཤེ་ཏྲ་གཙུག་ལག་སློབ་གྲྭའི་ Kurukshetra University གཙུག་ལག་སློབ་དཔོན་སྐུ་ཞབས་ཨར་ཨེ་སི་ཡཱ་དབ་ Prof. RS Yadav ལགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་ཀྱང་གསུང་བཤད་གནང་ཡོད། གཞན་ཡང་སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་ཀྱིས་སིམ་ལའི་འཆིང་ཡིག་ལ་བོད་མིས་ལྟ་ཕྱོགས། “Tibetan Perspective on Shimla Convention” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཇར་མན་ལེབ་ཛིག་གཙུག་ལག་སློབ་གྲྭའི་ Leipzig University ནང་ཉམས་ཞིབ་གནང་བཞིན་པ་བློ་བཟང་བསྟན་པ་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་ནོར་རྒྱས་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད། ཐེངས་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་སིམ་ལ་གཙུག་ལག་སློབ་གྲྭ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག ལྷན་ཚོགས་ཀྱི་མཇུག་བསྡོམས་སྐབས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ལྷན་ཚོགས་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་གཙོས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་ཡོད།