༢༠༡༤ ཟླ་ ༥ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཧོལ་ལེན་ཌིའི་ Holland གྲོང་ཁྱེར་རོ་ཊར་ཌོམ་དུ་ཆིབས་སྒྱུར་གྱིས་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་སྐབས་ཐོག་མར་གསར་འགོད་ལྷན་ཚོགས་ཤིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གོང་མཐོར་གཏོང་ཐབས་མཛད་རྒྱུ་སོགས་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ། དེ་རྗེས་གསར་འགོད་པས་དྲི་བར་བཀའ་ལན་མཛད་ཡོད།
དེ་ཡང་ཐོག་མར་གསར་འགོད་པ་གཅིག་གིས་༸གོང་ས་མཆོག་ཡུལ་གྲུ་དེའི་ནང་དེ་སྔའི་ཆིབས་སྒྱུར་མཐའ་མ་བསྐྱངས་རྗེས་ནས་བཟུང་ད་བར་བོད་ནང་གི་གནས་སྟངས་ཇི་ཡིན་སྐོར་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། རྒྱ་ནག་གི་མགོ་ཁྲིད་མཁྲེགས་བཟུང་ཅན་ཚོས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱིས་བོད་འདི་རྒྱ་ནག་དང་ཁ་བྲལ་གཏོང་རྒྱུ་རེད་བསམས་སྟེ་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད། ཅེས་བཀའ་ལན་སྩལ། དེ་རྗེས་གསར་འགོད་པ་གཞན་ཞིག་གིས་བོད་མི་ཚོས་དུས་ཡུན་ཇི་ཙམ་རིང་འཚེ་མེད་ཞི་བའི་ཐབས་ལམ་ལ་བསྟེན་རྒྱུ་ཡིན་སྐོར་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། གལ་ཏེ་བོད་ནང་དུ་ནང་ཆོས་ཉམས་ཆགས་ཕྱིན་པ་ཡིན་ན་ཕྱིས་སུ་གནས་སྟངས་ཇི་འདྲ་ཆགས་མིན་སུས་ཀྱང་བརྗོད་མི་ཐུབ། ཅེས་བཀའ་ལན་སྩལ།
དེ་རྗེས་ཆོས་ལུགས་གནད་དོན་ཐོག་རྩོམ་ཡིག་སྤེལ་མཁན་གྱི་གསར་འགོད་པ་ཞིག་གིས་དོལ་རྒྱལ་བསྟེན་གསོལ་བྱས་ན་སྐྱོན་ཇི་ཡོད་སྐོར་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། ང་ཚོ་ནང་པ་སངས་རྒྱས་པ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ལྷ་དང་དྲེགས་པ་སོགས་སྐྱབས་གནས་ལ་རྩི་མི་རུང་བ་བཀའ་གནང་ཡོད། དོལ་རྒྱལ་གནས་ཚུལ་དེ་དུས་རབས་ ༡༧ ནང་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཡོད། སྤྱིར་བཏང་དོལ་རྒྱལ་བསྟེན་པ་དེས་བཀྲ་མི་ཤིས་པ་ཡོང་བཞིན་ཡོད་པ་མ་ཟད། ཆོས་ལུགས་འཐེན་འཁྱེར་གྱི་གཞི་རྩར་གྱུར་བཞིན་ཡོད་པར་བརྟེན་ངོས་ཀྱིས་ཆོས་ལུགས་རིས་མེད་ལ་དག་སྣང་བྱེད་དགོས་པ་བརྗོད་བཞིན་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོས་ཆོས་ལུགས་གཞན་གྱི་དཔེ་ཆ་དང་སྐུ་འདྲ་སོགས་གཏོར་ཤིག་བཏང་བ་མ་ཟད། ལྷག་པར་དུ་རྙིང་མའི་ཆོས་ལ་ཧ་ཅང་སྡང་ཟུགས་ཆེན་པོ་བྱེད་བཞིན་ཡོད། ངོས་རང་ནས་ཀྱང་མ་ཤེས་པར་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འགོ་བཙུགས་ནས་ཕྱི་ལོ་ ༡༩༧༠ ལོ་བར་བསྟེན་པ་ཡིན། ཕྱིས་སུ་དོལ་རྒྱལ་སྐོར་དེ་ཧ་ཅང་རྙོག་ཕྲ་ཚ་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས་གཞི་ནས་རྟགས་དཔྱད་རིམ་པ་བྱས་པ་ཡིན། ངོས་ཀྱིས་ཆོས་ལུགས་རིས་མེད་ཀྱི་བླ་མ་གྲངས་ ༢༠ བསྟེན་པ་ཡིན། དེ་ཁོངས་ནས་བླ་མ་གཅིག་མ་གཏོགས་གཞན་ཚང་མས་དོལ་རྒྱལ་ལ་མཐའ་གཅིག་ཏུ་འགག་པ་སྐྱོན་མཁན་ཡིན། ངོས་ཀྱི་ཕྱི་ལོ་ ༡༩༧༠ ལོ་འགོ་ཙམ་ནས་དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་མཚམས་འཇོག་བྱས་རྗེས་མང་ཚོགས་ཀྱིས་ཤེས་རྟོགས་དགོས་པར་བརྟེན་གནད་དོན་རྣམས་གཞི་ནས་འགྲེལ་བཤད་རྒྱག་འགོ་བཙུགས་པ་ཡིན། སྤྱིར་བཏང་ལྷས་མི་སྲུང་དགོས་ཀྱང་དོལ་རྒྱལ་ལ་མིས་སྲུང་དགོས་པའི་གནས་སྟངས་ཆགས་ཡོད། ཁོ་པ་ཚོས་ངོས་ལ་ཏཱ་ལའི་བླ་མ་རྫུན་ཤོད་རྒྱུ་མཚམས་འཇོག་དགོས། ཅེས་སྐད་འབོད་བྱེད་བཞིན་ཡོད།
འོན་ཀྱང་ཁོ་པ་ཚོས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་མི་ཤེས། དངོས་ཡོད་གནས་ཚུལ་ཤེས་ནས་གསལ་བཤད་བྱ་རྒྱུ་ངོས་ཀྱི་ལས་འགན་རེད། ཁོ་པ་ཚོས་ངོས་ཀྱི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་སྐོར་བརྗོད་བཞིན་ཡོད་པ་དེ་ལྟར་རྩ་བ་ནས་མིན་པ་ནི། རྒྱ་གར་ལྷོ་ཕྱོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགོན་པ་ཚོར་ལྟོས་དང་ཤེས་རྟོགས་ཐུབ་རྒྱུ་རེད། ཅེས་བཀའ་ལན་མཛད།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་ཝེ་རེལ་ཌི་འགྲེམས་སྟོན་ཁང་ Wereldmuseum དུ་ཆིབས་སྒྱུར་བསྐྱངས་སྟེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་ཁག་གཅིག་ལ་རབ་གནས་བཀའ་དྲིན་མཛད། དེ་རྗེས་༸གོང་ས་མཆོག་གིས་ཡི་ཤུའི་ལྷ་ཁང་ལོ་རེན་སི་ཀིག་ Laurenskerk ནང་བོད་མི་ཉིས་སྟོང་ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ། བཀའ་སློབ་ལེགས་པར་གྲུབ་བསྟུན་ས་གནས་བོད་རིགས་ཚེ་རིང་བྱམས་པ་ལགས་དང་ཚེ་རིང་ལྷ་འཛོམས་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་རྗེས་དྲན་མཚོན་ཆེད་གཟེང་རྟགས་ཤིག་འབུལ་ལམ་ཞུས་པ་ལྟར་ཐུགས་དགྱེས་ཚོར་ཆེན་པོས་ཞལ་བཞེས་མཛད། ༸གོང་ས་མཆོག་དང་ཧོལ་ལེན་ཌིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཕ་རན་སི་ཊིམ་མར་མན་སི་ Frans Timmermans མཆོག་དང་མཇལ་འཕྲད་མཛད་ནས་གསུང་མོལ་མཛད།