༢༠༡༤ ཟླ་ ༥ ཚེས་ ༩ རེས་གཟའ་པ་སངས།
བུ་ཆུང་ཚེ་རིང་གི་དགག་ལན་རྩོམ་ཡིག་བཀླགས་པའི་མྱོང་ཚོར། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། །ཉེ་དུས་རྒྱ་ཡིག་དྲ་རྒྱ་བོ་ཤུན་(博讯) ཞེས་པའི་ནང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཨིན་ཡིག་ཐོག་བོད་ནང་བཅའ་སྡོད་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་དང་པོ་ཁྲེན་ཆོན་གོ་ཡིས་བོད་ཀྱི་གནད་དོན་གླེང་བ་ཞེས་པར་དཔྱད་གཏམ་སྤེལ་བ་དེ་རྒྱ་ཡིག་ནང་བསྒྱུར་ནས་འགོད་སྤེལ་བྱས་འདུག བུ་ཆུང་ཚེ་རིང་གི་དགག་ལན་རྩོམ་ཡིག་དེས། ཁྲེན་ཆོན་གོ་ཡིས་བོད་ཀྱི་གནད་དོན་གླེང་བ་ཞེས་པའི་རྩོམ་ཡིག་ནང་ཁོ་པས་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕམ་ཉེས་བྱུང་བར་ངོས་ལེན་བྱས་པ་དང་གཅིག དེ་སྔའི་བོད་རྙིང་པ་དང་ད་ལྟའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་ཟེར་བ་གཉིས་བསྡུར་བ་བྱེད་པའི་སློབ་གསོ་ག་ཚོད་བཏང་ཡང་བོད་མི་རྣམས་ཀྱི་བསམ་བློ་བསྒྱུར་བ་གཏོང་ཐུབ་ཀྱི་མེད་པ་དང་གཉིས། རྒྱ་ནག་གཞུང་གི་འགོ་ཁྲིད་ལས་བྱེད་གཙོ་བོ་བྱས་པའི་ལས་བྱེད་དཔུང་ཁག་གིས་གཞུང་གི་ལངས་ཕྱོགས་ལ་མངོན་བརྩི་ལྐོག་འགལ་བྱེད་ཀྱི་ཡོད་པའི་གནད་དོན་གསུམ་གསལ་སྟོན་བྱས་ཏེ་དོན་དྲང་ཚིག་བཙན་གྱིས་དགག་པ་རྣག་ཐོག་གཙག་འཁེལ་བརྒྱབ་འདུག་པའི་མྱོང་ཚོར་ཟབ་ནན་ཞིག་བྱུང་། གནས་ཚུལ་དེ་དག་རང་རེའི་སྤྱི་ཚོགས་ནང་ཨིན་ཡིག་དང་རྒྱ་ཡིག་མ་ཤེས་མཁན་མང་པོ་ཞིག་ཡོད་པ་དེ་རྣམས་ཀྱིས་ཤེས་རྟོགས་དགོས་རྒྱུ་གལ་ཆེ་ཡིན་སྟབས། ཁོ་བོས་བུ་ཆུང་ཚེ་རིང་གི་དཔྱད་རྩོམ་ནང་གསལ་བའི་ནང་དོན་རྣམས་ཕབ་བསྒྱུར་གྱིས་གཤམ་དུ་ངོ་སྤྲོད་བྱ་རྒྱུ་ཡིན།
” ངས་རྒྱ་ནག་གི་འགོ་ཁྲིད་ཚོའི་གཏམ་བཤད་སྤེལ་བ་བཀླགས་ཏེ་དེའི་ནང་ནས་བོད་ཀྱི་གནས་བབ་ཤེས་རྟོགས་ཡོང་རེ་བྱེད་ཀྱི་ཡོད་པ་དེ་ནི་ངའི་ལས་ཀའི་ཆ་ཤས་ཤིག་ཡིན། ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེའི་འགན་བླངས་པའི་རྗེས། ལས་དོན་འདི་དེ་བས་གལ་ཆེན་པོར་གྱུར་ཡོད། གང་ཡིན་ཞེ་ན། མི་རྣམས་ཀྱིས་ཞི་ཅིན་ཕིང་གིས་བོད་ཀྱི་དུས་བབ་ལ་ཧུར་བརྩོན་གྱི་འགྱུར་བ་ཞིག་འོང་རྒྱུར་རེ་བ་བྱས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་ཁྲེན་ཆོན་གོས་ཉེ་དུས་སྤེལ་བའི་རྩོམ་ཡིག་གཅིག་ལ་དོ་སྣང་བྱེད་དགོས་པ་བྱུང་། རྩོམ་ཡིག་འདི་<< རལ་གྲི་བཤམས་པའི་སྙིང་སྟོབས་ལ་བརྟེན་ནས་བོད་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་བྱ་དགོས། >> ཞེས་འགོ་བརྗོད་དུ་འཁོད་པ་འདི་རྒྱ་ནག་དམར་ཤོག་ཚོགས་པའི་དུས་དེབ་<< དངོས་དོན་འཚོལ་བ་>>ཞེས་པའི་(求是)ཕྱི་ལོ་༢༠༡༣ལོའི་འདོན་ཐེངས་ཨང་༢༡ཐོན་པ་དང་། དྲ་གྲོགས་ ” རི་མཐོ་ས་གཙང་” ཞེས་པས་ཨིན་ཡིག་ཐོག་ཕབ་བསྒྱུར་བྱས་འདུག
ཁྲེན་ཆོན་གོའི་རྩོམ་ཡིག་འདིའི་བརྗོད་གཞི་གཙོ་བོ་ནི་རྒྱ་ནག་གི་འགོ་ཁྲིད་རིམ་པས་གང་འདྲ་བྱས་ཏེ་བརྒྱུད་ལམ་ཁག་བརྒྱུད་དེ་བོད་མི་མང་གི་བསམ་བློར་ཚོད་འཛིན་བྱ་རྒྱུ་དེ་རེད། རྩོམ་ཡིག་འདི་བཀླགས་མྱོང་མཁན་གྱི་མི་ཚོས་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་མིར་འཛིན་པའི་རྣམ་འགྱུར་དེ་བས་མཁྲེགས་བཟུང་ཡིན་པའི་ཚོར་སྣང་ཞིག་ཡོང་གི་འདུག ངའི་བསམ་པར་རྩོམ་ཡིག་དེའི་ནང་ད་དུང་དོན་གནད་གསུམ་ལ་དོ་སྣང་བྱེད་དགོས་པ་ཞིག་བྱུང་བས་གཤམ་དུ་ཞིབ་ཕྲ་འགོད་རྒྱུ་ཡིན།
ཐོག་མར། རྩོམ་ཡིག་དེས་དོན་དངོས་ཐོག་ད་བར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་རྣམས་གོ་མི་ཆོད་ཅིག་ལ་ངོས་འཛིན་བྱས་འདུག དཔེར་ན་རྩོམ་ཡིག་ནང་ “དགྲ་འཛིན་སྟོབས་ཤུགས་དང་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ངན་པ་མཉམ་འཛོམས་དང་དབུགས་ལམ་གཅིག་གྱུར་གྱིས། བོད་འདི་ཁ་བྲལ་དང་སིམ་འཛུལ་བྱེད་ཡུལ་གཙོ་གནད་དང་གཏོར་བཤིག་དང་ཟིང་སློང་གི་དམག་ས་གཙོ་བོར་བཞག་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ང་ཚོ་དང་འཐབ་ས་འཕྲོག་རེས་དང་། མི་སེམས་དང་མང་ཚོགས་འཕྲོག་ལེན་བྱས་ཏེ། བོད་འདི་སྔ་བར་ཕྱིས་གསུམ་དུ་འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་རླུང་རླབས་ཀྱི་རྩེ་མོར་གནས་ཡོད།”ཅེས་འཁོད་འདུག
རྩོམ་ཡིག་དེས་གོམ་གང་མདུན་སྤོས་ཀྱིས་ ” གཏིང་ཟབ་ངང་སྤྱི་ཚོགས་གསར་རྙིང་གི་སློབ་གསོའི་ལས་འགུལ་སྤེལ་ནས་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་གུང་ཁྲན་ཏང་གི་བཀྲིན་དྲན་པ་དང་། གུང་ཁྲན་ཏང་གི་ཁ་ལ་ཉན་ཞིང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས་”ཞེས་བཤད་འདུག
སྐད་ཆ་གཞན་ཞིག་ཐོག་ནས་བཤད་ན། གཞི་རྐང་”བཅིངས་བཀྲོལ་”ཞེས་པ་བཏང་ནས་ལོ་ངོ་ ༦༠ སོང་ཡོད་ནའང་། རྒྱ་ནག་གཞུང་ནས་བོད་མི་མང་གི་སེམས་པ་བྲིད་ཐབས་བྱས་པ་ལམ་ལྷོང་མ་བྱུང་བར་དེ་ལས་ལྡོག་སྟེ་བོད་མི་ཚོས་སྔར་བཞིན་ཏཱ་ལའི་བླ་མ་མཆོག་ལ་ལྷག་བསམ་རྣམ་དག་གིས་དད་གུས་ཞུ་ཡི་ཡོད་པ་གསལ་པོར་བསྟན་འདུག
དེ་མིན། གལ་ཏེ་མི་ལོ་ ༦༠ འདས་ཟིན་ནའང་། རྒྱ་ནག་གཞུང་གིས་ད་དུང་ཡང་རང་དབང་རང་བཙན་སྐབས་ཀྱི་བོད་༼རྒྱ་ནག་གཞུང་གིས་བཤད་པའི་བོད་རྙིང་པ་༽དང་ད་ལྟའི་སྤྱི་ཚོགས་རིང་ལུགས་ཀྱི་”བོད་གསར་པ”གཉིས་བསྡུར་བ་བྱས་ཏེ་བོད་རྙིང་པར་དམའ་འབེབས་འཁྱོག་བཤད་བྱེད་དགོས་པའི་དགོས་མཁོ་ཡོད་པ་ཡིན་ན། ཁོང་ཚོས་ཏན་ཏན་ལས་དོན་ཞིག་བྱེད་ཐུབ་མེད། ལེགས་ཉེས་ག་རེ་ཡིན་ནའང་། ད་ཆ་ལོ་ན་རྒས་པའི་བོད་མི་ཕྱི་ལོ་ ༡༩༥༩ གོང་གི་འཚོ་བ་བསྐྱལ་མྱོང་མཁན་གྱི་ངོས་ནས་བཤད་ན། སློབ་གསོའི་ལས་འགུལ་ག་ཚོད་མང་པོ་སྤེལ་ཡང་ཁོང་ཚོས་བརྒྱུད་མྱོང་བའི་ཐད་ཀའི་མྱོང་ཚོར་ལ་འགྱུར་བ་ཐེབས་མི་ཐུབ་པ་གསལ་སྟོན་བྱས་འདུག
དེ་ནས་ང་ཚོས་རྒྱ་ནག་གཞུང་གི་སྲི་ཞུའི་ལས་བྱེད་དང་རྒྱ་ནག་གཞུང་གི་དཔོན་རིགས་རིམ་པར་ཚོད་འཛིན་བྱེད་པའི་ནུས་པ་ཉམས་འགྲོ་བཞིན་ཡོད་པར་ཚོད་དཔག་བྱེད་ཐུབ
མི་དེ་དག་གིས་གཞུང་གི་ལངས་ཕྱོགས་ལྟར་རྗེས་འབྲངས་བྱེད་ཀྱི་མེད། མ་གཞི་རྩོམ་ཡིག་དེའི་ནང་ཁ་གསལ་བཀོད་མེད་ནའང་། དཔོན་རིགས་དེ་དག་བོད་རིགས་གཙོ༌བོ་ཡིན་པ་ཚོད་དཔག་བྱས་ཆོག
དཔེར་ན། རྩོམ་ཡིག་ནང་འཁོད་དོན་ལྟར་ན། ” རིམ་པ་ཁག་གི་ཏང་གི་འགོ་ཁྲིད་ཨང་དང་པོའི་ཆབ་སྲིད་ཀྱི་འགན་འཁྲི་ནི། མདུན་ལ་བསྐྱོད་དེ་བཀོད་འདོམས་བྱེད་པ་དང་། གདོང་བསྟན་ནས་གདོང་ལེན་བྱེད་པ། དུས་ཐོག་ཏུ་མཛུབ་སྟོན་བྱེད་དགོས། རང་གིས་འགོ་ཁྲིད་དེ་དབུས་གཞུང་གི་བརྒྱུད་ལམ་དང་ས་གནས་ཀྱི་གཞུང་གཉེར་གསར་ཤོག་གཅིག་དང་རླུང་འཕྲིན་དང་བརྙན་འཕྲིན་ལྟ་ཉན་བྱས་ཏེ། ས་གནས་དེ་གའི་བརྒྱུད་ལམ་གྱི་ཁ་ཕྱོགས་འཁྲིད་སྟོན་བྱ་རྒྱུ་རང་དཔེ་གཞན་སྟོན་བྱེད་དགོས་” ཞེས་འཁོད་འདུག
རྩོམ་ཡིག་ནང་ད་དུང་། ” ནུས་ལྡན་གྱིས་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ལས་དོན་ཐོག་རང་རྐྱ་འཕེལ་བའི་ཕུད་བྱུང་གི་དྲིལ་བསྒྲགས་ལས་བྱེད་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས་”ཞེས་འཁོད་འདུག རྩོམ་ཡིག་གི་ནང་དོན་ལྟར་ན། ད་ཡོད་ཤེས་ཡོན་ཅན་ཚོར་ཡིད་ཆེས་མེད་པའི་ཤོད་ཚུལ་དེ་ཡང་དེ་དང་འབྲེལ་བ་ཆགས་འདུག ངས་ཚོད་དཔག་བྱས་ན། མིག་སྔར་བོད་རིགས་ཀྱི་ཤེས་ཡོན་ཅན་རྣམས་ལ་དམིགས་ཀྱི་ཡོད་པ་གསལ་པོ་རེད། གང་ཡིན་ཞེ་ན། ཁྲེན་ཆོན་གོའི་རྩོམ་ཡིག་ནང་། “ཏང་གི་ཁ་ལ་ཉན་ཞིང་། ཏང་གི་བཀྲིན་ཚོར་མཁན། ཏང་གི་རྗེས་སུ་འབྲངས་མཁན་གྱི་བྱང་ཚད་མཐོ་བའི་ཤེས་ཡོན་ཅན་གྱི་དཔུང་ཁག་གཅིག་འཛུགས་སྐྲུན་བྱེད་དགོས་ ” ཞེས་བཤད་ཡོད་པ་རེད།
མཐོང་ཐུབ་པ་ཞིག་ལ། གཅིག་བྱས་ན་ཁྲེན་ཆོན་གོས་ཤེས་ཡོན་ཅན་གྱི་འཇོན་སྟངས་ལ་རྩིས་འཇོག་མ་བྱས་པ་ཡིན་དང་། ཡང་མིན་ན་བོད་མི་མང་གི་གནས་སྟངས་ཐབས་སྡུག་པོ་དེ་ཙམ་འགྱུར་བར་ཤེས་ཡོན་ཅན་ཚོས་ཀྱང་གུང་ཁྲན་ཏང་གི་བཀྲིན་ད་ནས་ཚོར་མ་ཐུབ་པའི་གནས་ཚུལ་ཆགས་ཡོད་ངེས། དེ་ལྟར་མིན་ན། གལ་ཏེ་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཡག་པོ་བྱས་ཡོད་ན། ཤེས་ཡོན་ཅན་ཚོས་དང་པོ་ནས་བཀྲིན་རྗེས་དྲན་ཞུ་སྲིད་པ་རེད། གང་ཡིན་ཞེ་ན། ཤེས་ཡོན་ཅན་གྱི་མཚན་ཉིད་ལྟར་ན་ཁོང་ཚོས་དུས་བབ་ལ་རྒྱུད་མངའ་དེ་བས་གསལ་པོ་ཡོད་པས་རེད།
འདི་ཐད་ནས་ང་ལ་ལྟ་ཚུལ་གསུམ་བསླེབས་སོང་། དེ་ནི་རྩོམ་ཡིག་དེས་རྒྱ་ནག་གཞུང་གིས་རྩ་བ་ནས་བོད་མི་མང་གི་ཁེ་ཕན་སྲུང་སྐྱོབ་ཆེད་དངོས་ཡོད་ཀྱི་ལས་ཀ་བྱས་མེད་པ་གསལ་སྟོན་བྱས་འདུག གཏན་ཚིགས་རིག་པ་དང་མཐུན་པའི་སྒོ་ནས་བཤད་ན། མི་ཞིག་གིས་ཚོགས་སྡེ་འགའ་གེ་མོ་ཞིག་ལ་ཁོས་ལས་ཀ་ཡག་པོ་བྱས་ཡོད་པར་ཡིད་ཆེས་བསླེབ་རྒྱུར་གོ་བསྐོན་བློ་འགུག་བྱ་བར་ཐོག་མར་ལས་ཀ་བཟང་པོ་བྱེད་དགོས། དེ་ནས་”ངས་ད་ལྟ་ལས་ཀ་བཟང་པོ་བྱེད་བཞིན་ཡོད་ཅེས་མི་གཞན་ལ་བཤད༌ཆོག”
དེར་བརྟེན། ཁྲེན་ཆོན་གོས་” བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པར་གནམ་ས་བླ་འོག་གི་འགྱུར་བ་ཆེན་པོ་བྱུང་བ་དྲིལ་བསྒྲགས་བྱེད་གོས་པ་དང་། བློ་བརྟན་འགྱུར་མེད་ངང་བོད་ལྗོངས་མི་རིགས་ཁག་གི་མི་མང་རྣམས་དུས་བདེ་ལྷིང་འཇགས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ཀྱི་ཡོད་པ་དྲིལ་བསྒྲགས་བྱེད་དགོས་”ཞེས་ཤོད་སྐབས་ཏན་ཏན་གནས་ཚུལ་གཅིག་གྲ་མ་སྒྲིག་བྱུང་ཡོད། གལ་ཏེ་གནམ་ས་བླ་འོག་གི་འགྱུར་བ་བྱུང་ཡོད་ན། བོད་མི་མང་གིས་མྱོང་ཚོར་ཡོང་རྒྱུ་ལས་མི་གཞན་ཞིག་གིས་འགྱུར་བ་དེ་ལྟ་བུ་བྱུང་བ་ཡང་བསྐྱར་དྲིལ་བསྒྲགས་བྱེད་དགོས་དོན་མེད། འདི་ནི་རྒྱུན་ལྡན་གྱི་ཤེས་བྱ་ཞིག་མ་ཡིན་ནམ། གལ་ཆེ་ཤོས་ནི། ཁྲེན་ཆོན་གོའི་རྩོམ་ཡིག་འདིས་རྒྱ་ནག་གཞུང་གི་བོད་སྐྱོང་འགོ་ཁྲིད་རིམ་པར་བོད་མི་མང་དང་བོད་ཀྱི་སྤྱི་ཚོགས་ཐོག་རྩ་བ་ནས་ཤེས་རྟོགས་མེད་པ་གསལ་པོ་བསྟན་འདུག “དབུ་མའི་ལམ་”དང་། “ཚད་མཐོའི་རང་སྐྱོང་”ཞེས་འདི་ལྟ་བུའི་ཆབ་སྲིད་ཀྱི་བརྗོད་གཞི་ཕར་བཞག བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་དང་འཚོ་བའི་གོམས་གཤིས་ལ་རྒྱུས་མངའ་དང་རྩིས་འཇོག་བྱེད་མཁན་གྱི་རྒྱ་ནག་གི་མི་གང་འདྲ་ཞིག་ཡིན་ནའང་
” མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དབྱེ་མཚམས་བཅད་དགོས་པ་དང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་དང་ཏཱ་ལའི་བླ་མའི་མཚན་གནས་གཉིས་དབྱེ་མཚམས་བཅད་དེ། རང་འགུལ་ངང་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་དང་དབྱེ་མཚམས་བཅད་དགོས་ “ཞེས་པའི་སྐད་ཆ་འདི་ལྟ་བུ་བཤད་ཀྱི་མ་རེད།
བོད་མི་མང་དང་ཏཱ་ལའི་བླ་མའི་དབར་གྱི་འབྲེལ་བ་འདི་གུང་ཁྲན་ཏང་དང་གོ་མིང་ཏང་ལས་རྒྱང་ཐག་རིང་པོའི་སྔོན་གྱི་སྔ་ས་ནས་བྱུང་ཟིན་པ་རེད། གལ་ཏེ་ཁྲེན་ཆོན་གོའི་བཤད་སྟངས་ལྟར་བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་བླ་མ་དབར་དབྱེ་མཚམས་གཅད་ན། བོད་བརྒྱུད་ནང་བསྟན་གྱི་གཞི་རྩར་དོ་ཕོག་འགྲོ་ངེས་རེད།
ཤོད་མཚམས་འདིར། ངས་རང་གིས་རང་ལ་དགག་པ་ཞིག་རྒྱག་འདོད་བྱུང་། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་མི་མང་དང་ཏཱ་ལའི་བླ་དབར་གྱི་དམིགས་བསལ་འབྲེལ་བ་འདིར་གསལ་པོ་ཤེས་པ་མ་ཟད་འཇིགས་སྣང་ཆེན་པོ་ཡོང་གི་ཡོད། ཁྲེན་ཆོན་གོའི་རྩོམ་ཡིག་འདི་རྒྱ་ནག་གཞུང་གིས་དམིགས་བསལ་འབྲེལ་བ་འདི་གཏོར་བཤིག་གཏོང་ཐབས་ཀྱི་ཚོད་ལྟ་མང་པོའི་ནང་གི་གཅིག་རེད། བོད་མིས་ཏཱ་ལའི་བླ་མའི་སྐུ་དཔར་ཉར་མི་ཆོག་པ་བཟོས་པ་དེ་ཡང་ཚོད་ལྟ་ཞིག་རེད། འདི་ཡང་གཤམ་དུ་ཁྲེན་ཆོན་གོས
” དགྲ་འཛིན་སྟོབས་ཤུགས་དང་ཏཱ་ལའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བརྙན་མཐོང་མི་ཐུབ་པ་དང་གོ་མ་ཐུབ་པ་བཟོ་དགོས་ཞེས་ ” མི་རྣམས་ཀྱིས་རྣ་བར་གཟན་པའི་གསལ་བསྒྲགས་བྱས་པ་དེ་དང་གཉིས་སུ་མེད། ད་འོ་ན་བོད་མི་རྣམས་ཀྱིས་ཁྲེན་ཆོན་གོའི་ཚུར་རྒོལ་བྱས་པ་དེར་རྒོལ་ལན་ག་རེ་སློག་དགོས་ཞེས་ན། ངའི་བསམ་པར་ངས་ཕྱི་ལོ་ ༢༠༠༨ རྩོམ་ཡིག་གཅིག་ནང་དོན་གནད་གཉིས་གླེང་ཡོད་པ་བསྐྱར་ཟློས་བྱས་ན་སྙམ། དང་ཐོག བོད་ཕྱི་ནང་གཉིས་སུ་གནས་པའིབོད་མི་རྣམས་ཀྱིས་སོ་སོའི་བོད་མི་རིགས་ཀྱི་ངོས་འཛིན་འདིར་སྲུང་སྐྱོབ་བྱེད་དགོས། འདི་ནི་ཆབ་སྲིད་ཐད་ཀྱི་ངོས་འཛིན་གཅིག་གྱུར་ཙམ་མ་ཡིན་པར་གཞི་རྒྱ་ཧ་ཅང་ཆེ་བའི་བོད་མིའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་རེད།
གཉིས་པ། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་ངེས་པར་དུ་སོ་སོའི་ཐུན་མོང་གི་མངོན་འདོད་འདི་སྲུང་སྐྱོབ་བྱེད་དགོས། འདི་ལྟ་བུའི་ཐུན་མོང་གི་མངོན་འདོད་འདི་བོད་མི་རྣམས་ཀྱིས་འབད་བརྩོན་ནམ་འཐབ་འཛིང་བྱེད་པའི་སྲ་ཞིང་བརྟན་པའི་གཞི་རྟེན་རེད། མདོ་དབུས་ཁམས་གསུམ་གྱིས་བོད་ཀྱི་སྲོལ་རྒྱུན་གྱི་ཆོལ་ཁ་གསུམ་གྱི་ས་ཁུལ་ཧྲིལ་པོ་ཞིག་བསྒྲུབས་ཡོད་ན། ཆོལ་ཁ་གསུམ་གྱི་བོད་མི་ཚོས་གྲངས་ལས་འདས་པའི་བྱ་སྤྱོད་ཐོག་ནས་ཁོང་ཚོའི་མངོན་འདོད་གསལ་སྟོན་བྱས་ཡོད།
དེར་བརྟེན། གལ་ཏེ་རྒྱ་ནག་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་གིས་དངོས་འབྲེལ་བོད་ལ་འཛིན་པའི་སྲིད་བྱུས་ལེགས་བཅོས་གཏང་འདོད་ཡོད་ན། ངའི་བསམ་པར་བསྒྱུར་བཅོས་དེ་རིགས་ཁོངས་བོད་ལ་དབང་བསྒྱུར་བྱེད་པར་བསྐོ་གཏོང་བྱས་པའི་དཔོན་རིགས་ཚོའི་ཀླད་པ་འམ་བསམ་བློ་འགྱུར་བ་གཏོང་རྒྱུ་འཚུད་དགོས་ངེས་རེད། ངས་ཚིག་ཐག་ཆོད་པོས་བོད་ལ་ཡོད་པའི་བོད་མི་ཧ་ལམ་ཚང་མས་ཁྲེན་ཆོན་གོའི་རྩོམ་ཡིག་འདིར་ཡིད་ཆེས་བྱེད་ཀྱི་མ་རེད། རྒྱ་ནག་གཞུང་གི་འགོ་ཁྲིད་མི་སྣས་བོད་མིའི་ལྟ་ཚུལ་ལ་སྣང་བ་མ་བཏང་བའི་དབང་དུ་བཏང་ནའང་། རྩོམ་ཡིག་འདིས་རྒྱ་ནག་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུའི་ངོས་ན་བཤད་ན་མཇུག་འབྲས་དེ་རེ་བ་བྱས་པ་ལས་ལྡོག་པ་འོང་རྒྱུ་གདོན་མི་ཟའོ།། ༢༠༡༤།༥།༨བཞུགས་སྒར་རྡ་ས་ནས།