༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། སྔ་ལོའི་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་བྱུང་བའི་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་རིགས་སྨན་པ་རྒན་ཡོལ་བ་བུད་མེད་ཡེ་ཤེས་ཆོས་སྒྲོན་ལགས་ལ་གསང་མྱུལ་གྱི་ཉེས་མིང་ཐོག་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་སྔ་ལོའི་ཟླ་ ༡༡ ཚེས་ ༧ ཉིན་དུས་ཡུན་ལོ་ ༡༥ བཙོན་འཇུག་བྱ་རྒྱུ་དང་། ཆབ་སྲིད་ཁེ་དབང་ལོ་ ༥ འཕྲོག་རྒྱུའི་ཁྲིམས་ཆད་བཏང་སྟེ་ད་ལྟ་ལྷ་ས་ཉེ་ཁུལ་གྱི་བཙོན་ཁང་ཞིག་ནང་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་ཡོད་འདུག ཁོང་མོ་ནི་ད་ལྟ་རང་ལོ་ ༥༤ ཙམ་དུ་སླེབས་ཀྱི་ཡོད་པ་ད་། དེ་སྔ་ལྷ་ས་གྲོང་ཁྱེར་ནོར་གླིང་ཉེ་འཁྲིས་སུ་ཡོད་པའི་བཟོ་པའི་སྨན་ཁང་ཞིག་གི་སྨན་པའི་གྲས་ཡིན་ཞིང་། ལོ་ཤས་སྔོན་ནས་རྒན་ཡོལ་ཐོན་རྗེས་ལྷ་ས་གྲོང་ཁྱེར་རྭ་མོ་ཆེ་གྲོང་ལྷན་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་སྔ་ལོ་ལྷ་སར་ཞི་རྒོལ་ཤུགས་ཆེ་བྱུང་མ་ཐག་ཁྱིམ་ནས་གནད་དོན་ཁ་གསལ་མེད་པར་འཛིན་བཟུང་བྱས་རྗེས་རིམ་པས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་ཁྲིམས་ཆད་བཏང་བ་ཞིག་ཡིན་འདུག ད་ལྟའི་ཆར་བཙོན་ཁང་གང་ཞིག་ཏུ་བསྒྱུར་བཀོད་བྱེད་དུ་འཇུག་གི་ཡོད་མེད་དང་། ནང་མི་ཉེ་འབྲེལ་རྣམས་ཀྱང་རྩ་བ་ནས་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པའི་གནས་ཚུལ་ཐོན་འདུག