༢༠༡༤ ཟླ་ ༥ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཡུ་རོབ་རྒྱལ་ཁབ་ལ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ ( Save Tibet Latvia) ཨུ་རུ་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ། (Save Tibet Russia) དེ་བཞིན་ཨུ་རུ་སུའི་སྐུ་ཚབ་དོན་ཁང་བཅས་ནས་གོ་སྒྲིག་ཞུས་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་ (Latvia) ནང་རྟེན་གཞི་བྱས་པའི་(Kipsala) སྐིབ་ས་ལ་ཚོགས་ཁང་ཆེན་མོའི་ནང་དད་ལྡན་པ་ཁྱོན་མི་གྲངས་ ༣༥༠༠ བརྒལ་བ་རྣམས་ལ་ཆོས་འབྲེལ་སྔོན་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་ངོས་རང་དེ་སྔ་ཁུལ་འདིར་ཡོང་སྐབས་ཨུ་རུ་སུའི་མི་ཞིག་གིས་རྒྱལ་ཁབ་འདིའི་ནང་མི་དམངས་དཀྱུས་མ་མང་ཆེ་བ་ཞིག་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་རྒྱ་གར་དུ་ངོས་ཀྱིས་ཆོས་འབྲེལ་བྱེད་སྐབས་ཡོང་ཐུབ་ཀྱི་མེད་སྐོར་བརྗོད་བྱུང། དེར་བརྟེན་དེ་རིང་ངོས་རང་འདི་གར་ཡོང་དོན་ནི་མི་དམངས་དཀྱུས་མ་ཚོར་ཆོས་འབྲེལ་བྱེད་ཆེད་ཡིན།
དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་ཡོད་མེད་ལ་མ་ལྟོས་པར་ད་རེས་འདི་གར་ཨུ་རུ་སུ་གཙོ་བོར་གྱུར་བའི་མི་དམངས་མང་དག་ཅིག་བསླེབས་འདུག་པས་ངོས་རང་ཧ་ཅང་དགའ་བོ་བྱུང། ཚང་མར་འཚམས་འདྲི་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉིན་གྲངས་གཉིས་རིང་ངོས་ཀྱིས་འདི་གར་གཙོ་བོ་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བྱ་རྒྱུ་ཡིན། ལྷག་པར་ཉིན་སོ་སོའི་ཆོས་འབྲེལ་སྐབས་ཁྱེད་རང་ཚོར་དོགས་འདྲི་བྱུང་ན་ངོས་ཀྱིས་ལན་འདེབས་བྱ་རྒྱུ་ཡིན། ཕྱོགས་མཚུངས་ཕྱི་དངོས་པོས་ནང་སེམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད་པ་ཧ་ཅང་གསལ་པོ་ཆགས་ཡོད། དཔེར་ན། འཛམ་གླིང་འདིའི་ནང་རྒྱུ་དཔལ་འབྱོར་ཧ་ཅང་ཕྱུག་པོ་ཡོད་པའི་འབྱོར་ལྡན་པ་ཚོ་སེམས་མ་སྐྱིད་པ་བྱེད་མཁན་མང་པོ་ཡོང་གི་ཡོད་པ་ང་ཚོའི་མཐོང་ཆོས་སུ་འདུག དེ་བཞིན་དུས་རབས་ཉེར་གཅིག་པའི་སྐབས་སུ་ཆོས་ལུགས་མང་ཆེ་བས་འཛམ་གླིང་འདིའི་སྟེང་མི་ལ་དཀའ་ངལ་འཕྲད་སྐབས་སེམས་ལ་བདེ་སྐྱིད་ཀྱི་ཚོར་བ་སྦྱིན་མཁན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
སྤྱིར་བཏང་མགོན་པོ་གང་ཉིད་མཆོག་དེ་སྔ་རྒྱལ་ཁབ་འདིའི་ནང་ཆིབས་སྒྱུར་ཐེངས་གསུམ་ཙམ་བསྐྱངས་ཡོད་ཀྱང་མང་ཚོགས་ལ་ཆོས་འབྲེལ་སྩལ་ཐེངས་དང་པོ་དེ་ཆགས་ཡོད་འདུག