༢༠༡༤ ཟླ་ ༥ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ ཉིན་བཏང་གནས་ནང་འཁོད་དོན། རང་གཞུང་ནས་བཀའ་ཇི་ཕེབས་ཆབ་སྲིད་དང་འབྲེལ་བའི་དུས་དྲན་ཁག་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། ཏི་ཛུ་གཞིས་ཆགས་འདི་དམ་བསྒྲགས་ས་ཁུལ་ནང་གནས་ཡོད་པའི་ཆ་ནས་ཏི་ཛུ་ཁྲོམ་གཞུང་དང་ཉེ་འཁོར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་སྐད་འབོད་བྱེད་རྒྱུའི་ཆོག་མཆན་གནང་སྲོལ་མེད་ནའང་གསུམ་བཅུའི་དུས་དྲན་དང་དགོས་གལ་ནམ་བྱུང་ས་གནས་སུ་ཞི་བའི་མར་མེ་ཁྲོམ་སྐོར་དང་སྨོན་ལམ་གསུང་འདོན་སོགས་ས་གནས་སུ་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་དང་ས་གནས་རང་བདེན་ཚོགས་ཆུང་། གཞིས་གྲོང་སྤྱི་མི་ལྔ་ནས་གཙོ་འགན་བཞེས་ཏེ་ལས་འགུལ་ལག་བསྟར་ཞུ་བཞིན་ཡོད། དེ་བཞིན་འདི་ལས་ནས་གསུམ་བཅུའི་དུས་དྲན་ངོ་སྤྲོད་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་བཀའ་ཤག་གི་གསུང་བཤད་གཞིས་མི་ལྷན་འཛོམས་ཐོག་སྒྲོགས་སྦྱང་མཉམ་རང་ངོ་ནས་གང་ཐེག་འགྲེལ་བརྗོད་ཞུ་སྟེ་གཞིས་མི་མང་ཚོགས་ལ་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་།
ལྷག་པར་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་མེད་པར་གནས་ཡོད་སྐོར་དང་བཙན་བྱོལ་དུ་བཞུགས་པའི་བོད་མི་མི་རེ་ངོ་རེ་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་ཕྱར་བ་གྲུ་འདེགས་ཞུས་དགོས་པའི་འབོད་སྐུལ་ཞུས་བཞིན་ཡོད། ཕྱི་ལོ་ ༢༠༡༤ ཟླ་༣ ཚེས་ ༡༠ གསུམ་དུས་ཉིན་ཏི་ཛུ་དར་རྒྱས་གླིང་གི་བླ་སྤྲུལ་དགེ་འདུན་རྣམས་པ་དང་མི་མང་ཡོངས་ནས་སྔ་དྲོ་ཚོུད་ ༧་༠༠ པའི་ཐོག་རྟེན་མཁར་དྲུང་དུ་བསངས་གསོལ་གནད་སྨིན་གཟབ་རྒྱས་ཞུས་རྗེས་མཛད་སྒོ་དངོས་གཞི་གྲོལ་མཚམས་དགེ་འདུན་པ་རྣམས་པ་དང་མི་མང་ཡོངས་འདི་གའི་༸རྒྱལ་བའི་ཕོ་བྲང་ནང་བོད་ཀྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་ཚོུད་ ༡༢་༠༠ བར་སྨོན་ལམ་གསོག་སྒྲུབ་གནང་། དེ་ཉིན་དགོང་དྲོ་ཚོུད་ ༥་༠༠ པའི་ཐོག་མི་མང་རྣམས་༸རྒྱལ་བའི་ཕོ་བྲང་མདུན་དུ་འཛོམས་ཏེ་གཞིས་གྲོང་ནང་དུ་ཞི་བའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་དང་མཐའ་བསྡོམས་ཕོ་བྲང་གི་མདུན་དུ་འཛོམས་ཏེ་བདེན་ཚིག་སྨོན་ལམ་གསུང་འདོན་གནང་སྟེ་ལས་འགུལ་མཇུག་བསྒྲིལ། དེ་བཞིན་མཐོ་སྒང་གི་བོད་ནི་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་དང་། སྦང་ལ་དེ་ཤ། བར་མ། ཐེ་ལན་ཌེ། ལའོ་སི། ཀམ་བྷོཌི་ཡ་སོགས་ཀྱི་ཆུའི་ཐོན་ཁུངས་གལ་ཆེ་ཞིག་ཡིན་ཞིང་། བོད་ས་ཁུལ་ནས་རྒྱུག་བཞིན་པའི་གཙང་པོ་ཆེ་ཁག་དང་། ལྷག་པར་ཡར་ཀླུང་གཙང་པོའི་རོང་གཤོང་ནང་རྒྱ་ནག་གཞུང་གིས་གློག་ཤུགས་འདོན་སྤེལ་ཆེད་ཆུ་མཛོད་མང་དག་ཅིག་བརྒྱབ་དང་རྒྱག་བཞིན་པ་དང་། མ་འོངས་པར་ལོ་ལྔ་དང་བཅུའི་ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་རྒྱག་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པའི་གནས་ཚུལ་གསར་ཤོག་ཁག་ནང་འཐོན་བཞིན་ཡོད་པར་སོང་། གནས་ཚུལ་དེ་རིགས་ཞིབ་ཕྲ་ས་གནས་ཚུལ་འབྲེལ་ཆགས་ས་གནས་ཡུལ་མིས་ཤེས་ཚོར་གཏིང་ཟབ་ཡོང་ཐབས་སུ་རང་ངོས་ནས་ནུས་པ་གང་ཡོང་འདོན་བཞིན་ཡོད། འདི་གའི་ས་གནས་འགོ་འཛིན་ལས་ཁང་བརྒྱུད་ནས་གནས་ཚུལ་དེ་རིགས་རང་རིགས་མི་མང་རྣམས་དང་ཡང་སྒོས་ས་གནས་ཡུལ་མི་སྤྱི་དང་།
ལྷག་པར་ཤེས་ཡོན་ཅན་གྱི་མི་སྣ་དང་དཔོན་རིགས་ཆེ་ཁག་ཕེབས་པའི་སྐབས་དེ་དང་འབྲེལ་བའི་ཡིག་ཆ་ཁག་འགྲེམས་སྤེལ་གྱིས་གོ་རྟོགས་གང་ཐུབ་སྤེལ་བཞིན་ཡོད། ཕྱོགས་མཚུངས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེའི་ཤིང་རྟ་ལོའི་ལོ་གསར་གྱི་ཚེས་ ༣ ཉིན་བསངས་གསོལ་བྱེད་སྒོའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་དགེ་འདུན་རྣམས་པ་དང་མི་མང་ཡོངས་ནས་གསོག་སྒྲུབ་གང་ཐུབ་ཞུས། དེ་བཞིན་ཆུ་འབྲུག་ལོ་ནས་བཟུང་བཀའ་ཤག་གི་བཀོད་ཁྱབ་ཕེབས་པ་ལྟར་བོད་མི་གནས་ཡུལ་ས་གནས་ཡོངས་སུ་ལྷག་དཀར་ནམ་ཡིན་ལ་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་བོད་མིའི་ཆོས་རིག་དང་ཡུལ་གོམས་གཤིས་ལུགས་རྒྱུན་འཛིན་གྱི་བྱེད་སྒོ་ཁག་སྲུང་བརྩི་ཞུ་ཐབས་བྱེད་དགོས་བཀའ་ཕེབས་གསལ་བཞིན་མི་མང་ཚོགས་ཆེན་ཐོག་གསལ་བསྒྲགས་དང་སྦྲགས་གཞིས་གྲོང་སྤྱི་མི་བརྒྱུད་བརྡ་ཁྱབ་ཞུས་ཏེ་ས་གནས་སུ་ད་ལྟའི་འཆར་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད།
གཞན་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༥ པའི་རང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཧིན་དབྱིན་གཉིས་ཐོག་ཡོད་པ་འདི་ལོ་འདི་གའི་ས་གནས་དབུ་མའི་ལམ་གྱི་ལས་འགུལ་ཁང་དང་ས་གཞོན་བེུད་ཚོགས་པ་བཅས་ནས་དཔར་བཤུས་བྱས་ཏེ་ས་གནས་རྫོང་དཔོན་གྱིས་གཙོས་འབྲེལ་ཡོད་དཔོན་རིགས་ཆེ་ཁག་དང་མི་མང་དོ་སྣང་ཅན་རྣམས་ལ་འགྲེམས་སྤེལ་ཞུ་ཐུབ་པ་བྱུང་ཡོད། བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་ས་གནས་སུ་སྐབས་མཚམས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་དང་མཆོད་མེ་བརྒྱ་མཆོད་སོགས་ཕུལ་ཏེ་ས་གནས་ནས་ལས་འགུལ་གང་ཐུབ་སྤེལ་བཞིན་ཡོད། ས་གནས་སུ་དབུ་མའི་ལམ་གྱི་དུས་དྲན་དང་འབྲེལ་བའི་སྐབས་དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ་སྐོར་རང་ངོས་ནས་གང་ཤེས་པ་མི་མང་ཐོག་ངོ་སྤྲོད་ཞུ་བཞིན་པ་མ་ཟད། ས་གནས་སུ་རྒྱ་གར་གྱི་སྐུ་མགྲོན་དཔོན་རིགས་ཆེ་ཁག་ཕེབས་པའི་སྐབས་ངོ་སྤྲོད་དང་ཡིག་ཆ་སོགས་འགྲེམས་སྤེལ་ཞུ་བཞིན་ཡོད། དེ་བཞིན། རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་རིན་མེད་འགྲེམས་སྤེལ་གནང་བཞིན་པའི་དབྱིན་ཡིག་ཐོག (Tibetan Bulletin) གསར་ཤོག་སོགས་རྒྱ་གར་གྱི་དཔོན་རིགས་སོགས་ས་གནས་སུ་གཟིགས་སྐོར་ཕེབས་པའི་སྐབས་འགྲེམས་སྤེལ་ཞུ་བཞིན་ཡོད། ཕྱོགས་མཚུངས་ཤེས་བྱ་དང་བོད་མིའི་རང་དབང་གསར་ཤོག་སོགས་རིན་མེད་གནང་བཞིན་པ་ས་གནས་ཀྱི་གནང་ཡོད་དང་མི་མང་དོ་སྣང་ཅན་རྣམས་ལ་འགྲེམས་སྤེལ་ཞུས་ཏེ་བོད་པའི་ཆབ་སྲིད་ཀྱི་གནས་ཚུལ་ཐོག་སྔར་ལྷག་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐོར་གྱི་བརྙན་འཕྲིན་འོད་སྡེར་རིན་མེད་འགྲེམས་སྤེལ་གནང་བཞིན་པ་རྣམས་དུས་ཆེན་ལ་མི་མང་ལ་སྟོན་སྐབས་མི་མང་དོ་སྣང་ཅན་ཁག་གཅིག་གིས་འོད་སྡེར་གཡར་ཏེ་ལྟ་བཞིན་འདུག་པས་ཕན་ནུས་ཆེན་པོ་འདུག ས་གནས་སུ་གསུམ་བཅུའི་དུས་དྲན་དང་མང་གཙོའི་དུས་ཆེན། སྐུའི་འཁྲུངས་སྐར་དང་ནོ་བེལ་གཟེངས་རྟགས་དུས་ཆེན་དང་དགེ་རྒན་ཕ་མའི་དུས་ཆེན་སོགས་ཀྱི་གལ་ཆེའི་གསུང་བཤད་ཁག་དང་མི་མང་དོ་སྣང་ཅན་ཁག་ལ་གཞིས་ལས་ཁང་ནས་འགྲེམས་སྤེལ་གང་ཐུབ་ཞུ་བཞིན་ཡོད།