༢༠༡༤ ཟླ་ ༥ ཚེས་ ༥ རེས་གཟའ་ཟླ་བ།
༄༅། ། བོད་མིའི་སྒྲིག་འཛུགས་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་དང་། ཐེ་ཝན་བོད་རིགས་ཚོགས་པ། ཐེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པ། ཐེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་ཐུན་མོང་གོ་སྒྲིག་འོག ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣ ཕྱེད་ཡོལ་ཆུ་ཚོད་དང་པོའི་ཐོག་ཐེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཚོགས་ཁང་དང་པོར་ ཁུན་མེང་དང་བོད་མིའི་རང་སྲེག་དོན་རྐྱེན་ནས་རྒྱ་ནག་གི་མི་རིགས་གནད་དོན་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུ་འདིར་མཉམ་ཞུགས་གནང་མཁན་ཐེ་སྡོད་བོད་མིའི་བདེ་རྩ་ཚོགས་པའི་དབུ་འཛིན་དགེ་བཤེས་བྱམས་པ་རྒྱལ་མཚན་ལགས་དང་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། བོད་མི་དམངས་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་ལས་བྱེད་ཡེ་ཤེས་བསྟན་འཛིན་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཁྲན་ཅེ་རུ། ཐེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དབུ་འཛིན་ཆུའུ་རུང་ཅུས། ཐེ་ཝན་ཕུ་ཡིང་ཚན་རྩལ་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐུ་ཞབས་སུའུ་ཅ་ཧུང་། ཐེ་ཝན་རྒྱལ་འཛུགས་ཆབ་སྲིད་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དབུ་འཛིན་གཅིག་ལྕོགས་ལི་ཡུ་ཐང་། མང་གཙོ་ཡར་རྒྱས་མནའ་མཐུན་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཆན་ཏཱ། ཐེ་ཝན་དུ་རྟེན་གཞི་བྱས་པའི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་མནའ་མཐུན་ཚོགས་པའི་ཚོགས་གཙོ་ཡང་ཤན་ཧུང་། ཐེ་ཝན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའུ་ཏེ་རུང་། ཀྲུང་ཧྭ་སློབ་ཆེན་འཛིན་སྐྱོང་དོ་དམ་ཚན་ཁག་གི་དབུ་འཛིན་གཞོན་པ་ཙིང་ཅེན་ཡུན། རྒྱ་ནག་མང་གཙོ་འཐབ་ཕྱོགས་ཚོགས་པའི་གཙོ་འཛིན་ལྕམ་ཧྲེང་ཤོད ཚའེ་དབྱིང་ཝོན་སློབ་གསོ་ཐེབས་རྩ་ཚོགས་པའི་སྤྱི་ཚོགས་འཕེལ་རྒྱས་བསྟི་གནས་ཁང་གི་གཙོ་འཛིན་ཡང་ཁྲང་ཀྲིང་། ཐེ་ཝན་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཚན་ཁག་གི་རབ་འབྱམས་པ་ལིའུ་ཝོན་ཞོན་བཅས་ཚོགས་འདུར་མཉམ་ཞུགས་ཀྱིས་གསུང་བཤང་གནང་ཡོད་ལ་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་གི་དང་བླངས་ཞབས་ཞུ་བ་དགེ་རྒན་ལུའུ་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་དང་། ཐེ་ཝན་གྲོས་ཚོགས་ཚོགས་མི་ཁྲེང་ཅེ་རུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་ཐེངས་དང་པོར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཀྱིས་གསུང་དོན། ཚང་མས་ཤེས་གསལ་ལྟར།
དེང་སྐབས་བོད་མིའི་སྡུག་བསྔལ་ནི་འཛམ་གླིང་ཡོངས་གྲགས་ལྟ་བུ་ཆགས་ཡོད། ལོ་འགའི་རིང་བོད་མི་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲེག་ལས་འགུལ་སྤེལ་ནས་བོད་རང་དབང་རྩོད་ལེན་བྱེད་ཀྱི་ཡོད། ཧ་ཅང་ཤ་ཚ་དགོས་པའི་ལས་འགུལ་འདི་ནི་དུས་ནམ་ཞིག་རྒྱུན་གཅོད་བྱ་ཐུབ་ཀྱི་ཡོད་མེད་སུས་ཀྱང་ཚོད་དཔག་བྱེད་དཀའ་བ་རེད། འོན་ཀྱང་ཚོད་དཔག་བྱེད་ཐུབ་པ་གཅིག་ཡོད་པ་ནི། རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་སྐད་ཆ་བཤད་རེས་བྱས་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཁོ་ན་རེད། བོད་མི་རང་སྲེག་བ་དེ་དག་གི་འབོད་སྒྲ་ནི། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ང་ཚོ་བོད་ལ་རང་དབང་མེད། ཅེས་པ་ཁོ་ན་རེད། རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་མཆོག་གིས་སྔ་མོ་ཞིག་ནས་འདོན་གནང་མཛད་པའི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ངོས་ལེན་བྱེད་རྒྱུ་དེ་རེད། བོད་ཀྱི་ངོས་ནས་བསམ་བློ་གུ་ཡངས་བཏང་སྟེ་རྒྱ་ནག་མངའ་ཁོངས་སུ་བསྡད་ནས་མིང་དོན་མཚུངས་པའི་རང་སྐྱོང་ཙམ་རྩོད་ལེན་བྱེད་ཀྱི་ཡོད། ཁོང་གིས་མུ་མཐུད་གསུང་དོན། རྒྱ་ནག་གི་བོད་སྡོད་འགོ་ཁྲིད་ཁྲོད་ནས་ཧུའུ་ཡོ་པང་གཅིག་པུས་བོད་ལ་བསམ་བློ་བཏང་ཡོད། དབུས་གཞུང་ནས་བོད་ཀྱི་ས་ཁུལ་དུ་མ་དངུལ་འབོར་ཆེན་བཏང་བ་ཡིན་ནའང་བོད་མི་ཚོའི་འཚོ་བ་ད་དུང་འདི་འདྲའི་སྐྱོ་བོ་ཡོད་པ་དངོས་གནས་ཧང་སངས་དགོས་པ་རེད། འདི་ལྟར་བོད་མི་ཚོའི་འཚོ་བ་ཡར་རྒྱས་ཅི་ཡང་མེད་དུས། བོད་སྡོད་རྒྱ་མི་བརྒྱ་ཆ་བརྒྱད་ཅུ་རྒྱ་ནག་ས་ཁུལ་དུ་ཕྱིར་འཐེན་བྱ་དགོས་ལ། བརྒྱ་ཆ་ཉི་ཤུ་བོད་དུ་བསྡད་ན་འགྲིག་ཅེས་བཤད་ཡོད་པ་མ་ཟད། དེ་དོན་ལག་བསྟར་བྱ་རྒྱུར་འགོ་བརྩམས་ཡོད། ཅེས་གསུངས། དེ་ནས་བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་རྩོམ་པ་པོ་དང་གླུ་པ་བཅས་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་དུ་བཅུག་པ་ཁག་གཙོར་འདོན་བྱས་ནས་གཏམ་བཤད་གནང་།
སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་གཙོར་འདོན་ཐོག བོད་ནང་དུ་མིག་སྔའི་བར་བོད་མི་བརྒྱ་དང་སུམ་ཅུས་རང་སྲེག་ངོ་རྒོལ་བྱས་པ་དང་། དེ་དག་ལས་རང་སྲེག་པ་བརྒྱ་དང་བཅུ་གཉིས་འདས་གྲོངས་ཕྱིན་ཡོད་པའི་སྐོར། དེང་སྐབས་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཟིན་པའི་བོད་ཀྱི་གནད་དོན་འདིར་ཐག་གཅོད་མ་བྱས་བར་དུ་ཡོལ་ས་གཏན་ནས་ཡོང་མི་སྲིད་ལ། བོད་ཀྱི་གནད་དོན་འདིར་ཇི་ཙམ་གྱིས་ནར་འགྱངས་བྱས་པ་ཡིན་ན་དེའི་ཚོད་ཀྱིས་ཕྱོགས་གཉིས་ཀར་འཐུས་ཤོར་དང་གྱོང་གུད་ལས་ཅི་ཡང་ཡོང་མི་སྲིད་ཅེས་དང། རྒྱ་ནག་སྟོབས་ཆེན་ཇི་ཙམ་ཆགས་རུང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འདི་བཞིན་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་སྟབས། བོད་པ་རང་ངོས་ནས་འཐབ་རྩོད་འདི་རྒྱུན་བསྐྱང་ཐུབ་པར་དོན་ཚན་ཁག་ལྔའི་ཐོག་འགྲེལ་བཤད་རྒྱས་པ་གནང་ཡོད། ཐེ་ཝན་མང་གཙོ་ཡར་རྒྱས་མནའ་མཐུན་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ཆན་ཏཱ་ལགས་ཀྱིས་གསུང་དོན།
དེ་རིང་ང་ཚོས་རྒྱ་ནག་གུང་ཁྲན་ལ་བཤད་རྒྱུར། ཏཱ་ལའི་བླ་མས་ཧ་ཅང་གིས་ཞི་འཇམ་ངང་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདིར་ད་དུང་ཡང་གོ་སྐབས་དམ་འཛིན་མ་བྱས་པ་ཡིན་ན། ཉིན་ཞིག་ཏཱ་ལའི་བླ་མ་མ་བཞུགས་པ་དང་། བོད་མི་ཚོས་ཡུ་གུར་བ་མཉམ་དུ་དྲག་པོའི་ལམ་དུ་ཞུགས་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཡིན་ན། རྒྱ་ནག་གི་རྙོག་གྲ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། རྒྱ་ནག་གིས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ཕེབས་སུ་མི་བཅུག་པ་དེ་ནི་རྒྱ་ནག་དབང་འཛིན་པ་ཚོས་དབང་ཆ་གཅིག་སྡུད་བྱེད་བཞིན་ཡོད་པས་རེད། གལ་ཏེ་རྒྱ་ནག་གུང་ཁྲན་པས་མ་འོངས་ལོ་ལྔའི་ནང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ཕེབས་འཇུག་གི་མེད་པ་དང་། ཉིས་སྟོང་བཅུ་བདུན་ལོར་ཧུང་ཀོང་མི་མང་དོན་དམ་མི་རེ་ངོ་རེའི་འོས་འདེམས་ཀྱི་ཐོབ་ཐང་ཅིག་མ་སྤྲད་ཚེ། ཐེ་ཝན་མི་དམངས་ཀྱིས་ཏན་ཏན་ཐེ་ཝན་རང་བཙན་གཙང་མར་རྩོད་ལེན་བྱེད་ངེས་རེད། དེ་ནི་ཐེ་ཝན་བས་རྒྱ་ནག་གུང་ཁྲན་ལ་ཡིད་ཆེས་ཐུབ་ཀྱི་མེད་པའི་དབང་གིས་རེད། ཅེས་གསུངས། ཐེ་ཝན་དུ་ཡོད་པའི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་མནའ་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡང་ཤན་ཧུང་ལགས་ཀྱིས་གསུང་དོན། རྒྱ་ནག་ཇག་པའི་སྲིད་གཞུང་འདི་ནི་མི་རིང་བར་འཇིག་རྒྱུ་རེད། དེའི་སྔོན་རྟགས་ཅི་ཞིག་ཡོད་ཟེར་ན། ལོ་བཅུའི་རིང་ལ་ཆ་སྙོམས་ཟླ་རེའི་ནང་ཨ་སྒོར་དུང་ཕྱུར་སུམ་བརྒྱ་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་ཤོར་འགྲོ་གི་ཡོད། འདི་ནི་དུས་ཚོད་ཧ་ཅང་མང་པོའི་རིང་མཚམས་འཇོག་ཅི་ཡང་བྱས་མེད། དུས་ད་ལྟའང་སྒོར་མོ་འབོར་ཆེན་འདི་ཕྱོ་ལོགས་སུ་ཤོར་བཞིན་ཡོད། སྒོར་མོ་དེ་དག་ཚང་མ་རྒྱ་ནག་གི་དབང་འཛིན་པ་དང་ཚོང་པ་ཚོ་ལག་སྦྲེལ་བྱས་ནས་བཏང་བ་ཁོ་ན་རེད། དེས་ན་རྒྱ་ནག་ཇག་པའི་སྲིད་གཞུང་འདི་ལམ་སེང་བརྡིབ་རྒྱུ་རེད། ཐེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུན་ཀྲི་པེང་ལགས་ཀྱིས་ཚོགས་མི་གཞན་ཞིག་གི་རྩོམ་ཡིག་ཀློག་མཚམས་གསུང་དོན།
༸གོང་ས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་རང་བཙན་རྩོད་ཀྱི་མེད་ལ། བོད་མི་ཚོས་བཙན་བྱོལ་ནང་དུ་མང་གཙོ་ཚགས་ཚུད་ཅིག་བཙུགས་ཡོད། ཧ་ཅང་ཞི་འཇམ་དང་མིག་རྒྱང་རིང་པོའི་སྒོ་ནས་བོད་རྒྱ་གཉིས་ཀྱི་གནད་དོན་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་བ་རེད། ཐབས་ལམ་འདི་ནི་རྒྱ་ནག་ཕྱོགས་ནས་ཀྱང་ངོས་ལེན་བདེ་ཤོས་དང་ལས་སླ་ཤོས་རེད། ཅེས་གསུངས། རྒྱ་ནག་མང་གཙོ་འཐབ་ཕྱོགས་ཚོགས་པའི་གཙོ་འཛིན་ལྕམ་ཧྲེང་ཤོད་ལགས་ནས་གསུངས་དོན། ཁུན་མེང་དོན་རྐྱེན་བྱུང་སྐབས་རྒྱ་ནག་གཞུང་ཕྱོགས་ཀྱི་ཉེན་རྟོག་པས་གྲི་ཐོགས་པའི་མི་དྲུག་ཡོད་ཁོངས་ནས། ལོ་ན་བཅུ་དྲུག་ལས་མེད་པའི་བུད་མེད་གཞོན་ནུ་མ་ཞིག་ལས་དེ་མིན་ཚང་མ་དེ་ག་རང་དུ་དམར་གསོད་བཏང་ཡོད།
དེར་བརྟེན་ཁུན་མེང་དོན་རྐྱེན་གྱི་གདོང་རིས་ངོ་མ་ཅི་ཞིག་ཡིན་མིན་དང་སུ་ཞིག་གིས་བཟོས་མིན་རྒྱ་ནག་གཞུང་ཕྱོགས་རང་གིས་བཤད་པའི་སྐད་ཆ་ཁོ་ན་ལས་མེད་སྟབས། ང་ཚོས་ཁུན་མེང་དོན་རྐྱེན་དེ་ཡུ་གུ་བས་བཟོས་པ་རེད་ཟེར་གཏན་ནས་ཤོད་མི་ཐུབ། དོན་དངོས་ཐོག་རྒྱ་ནག་གུང་ཁྲན་རང་ཉིད་ཀྱིས་སོ་སོའི་མི་དམངས་ལ་ཚད་ལས་བརྒལ་བའི་མནར་གཅོད་བཏང་ཡོད། རྒྱ་ནག་གུང་ཁྲན་རང་ཉིད་བཀྲུས་ན་མ་དག་པའི་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་པ་རེད། རྒྱ་ནག་གུང་ཁྲན་རིང་ལུགས་ཁོ་རང་གི་བཙན་ཤེད་དང་བཙན་གནོན་བྱེད་ཐབས་རྒྱལ་སྤྱི་ཡོངས་ལ་ཁྱབ་སྤེལ་བྱེད་བཞིན་ཡོད། རྒྱ་ནག་གུང་ཁྲན་འདི་དངོས་གནས་དྲང་གནས་ཀྱི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཆགས་པ་རེད། དེའི་རྐྱེན་གྱིས་མི་དམངས་ཡོངས་ཀྱིས་གུང་ཁྲན་མགོ་རྟིང་སློག་པའི་ལས་འགུལ་སྤེལ་དགོས་ཟེར། མཇུག་ཏུ། ཐེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུན་ཀྲི་པེན་ལགས་ཀྱིས་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་གཏམ་བཤད་གནང་སྟེ་ཉིན་རྒྱབ་ཆུ་ཚོད་ ༥།༥༠ ཐོག་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད།