༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦིར་ཅོན་ཏ་རར་རྟེན་གཞི་བྱས་པའི་རྫོང་གསར་བཤད་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དགེ་འདུན་པ་དང་མི་དམངས་རྣམས་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་རྫོང་གསར་བཤད་གྲྭར་བསྐྱར་དུ་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་བསམ་གྱིས་མི་ཁྱབ་པ་རེད། ཁོང་གི་མདུན་ནས་ངོས་ལ་ཐོག་མར་ཚད་མ་ཀུན་བཏུས་ཀྱི་བཤད་ལུང་ཐོབ་ཡོད། དེ་བཞིན་ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་གྱི་བཤད་ལུང་ཐོབ་པ་རེད། འདི་ཚོ་ཧ་ཅང་དཀོན་པོ་ཡིན་པ་མ་ཟད་ཧ་ཅང་གལ་ཆེན་པོ་ཡང་རེད། དབུ་མ་སྙིང་པོ་དེ་ནམ་རྒྱུན་བཤད་ལུང་གི་རྒྱུན་ཧ་ལམ་མེད་པ་ལྟ་བུ་རེད། དབུ་མ་སྙིང་པོ་དེ་རང་རྒྱུད་གོང་འོག་གཉིས་པོ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་དབུ་མ་སྙིང་པོའི་བཤད་ལུང་ཞིག་བྱུང་ན་ཧ་ཅང་ཡག་པོ་འདུག ནམ་རྒྱུན་སྔོན་གྱི་ཕྱག་སྲོལ་ལ་གལ་ཏེ་རྩ་བར་བཤད་ལུང་མེད་ནའང་མཆན་འགྲེལ་ཐོག་ནས་ཆོག་རྒྱུ་ཞིག་ཡོད། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་དབུ་མ་སྙིང་པོའི་མཆན་འགྲེལ་གནང་ན་དེའི་ཐོག་ནས་བཤད་རྒྱུན་ཞིག་ཡོང་ཐུབ་ཀྱི་རེད། ཅེས་གསོལ་འདེབས་ཞུས་པ་ལྟར་རིན་པོ་ཆེས་ལྗགས་རྩོམ་གནང་བ་རེད། བར་སྐབས་རྫོང་གསར་བཤད་གྲྭ་ཞེས་བསྟན་པའི་བྱ་བ་སྒྲུབ་མཁན་ཆགས་ཡོད། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ཧ་ཅང་ཡག་པོ་ཡོད། དགེ་འདུན་འདུས་ཚོགས་ཆེན་པོ་ཡོད་པ་དེ་དག་སྤུས་དག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ངོས་རང་སྐད་ཆ་ཁ་ཐུག་མ་གཏོགས་འདྲ་ཆགས་པོ་ཤོད་ཤེས་ཀྱི་མེད། འདིར་གཙུག་ལག་ཁང་མཆོར་པོ་དང་རྫིག་པོ། དགེ་འདུན་མང་པོ་ཡོད་ཀྱང་། དོན་དངོས་ཐོག་དགོས་རྒྱུ་དེ་བཤད་སྒྲུབ་གཉིས་རེད། བཤད་སྒྲུབ་ཀྱི་ཐོག་ནས་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུ་དང་འགྲོ་བ་སེམས་ཅན་གྱི་དོན་བྱེད་རྒྱུ་ཞིག་མེད་ན། དགེ་འདུན་འདུས་ཚོགས་ཆེན་པོ་ཡོད་ཀྱང་ངོ་མཚར་ཆེ་རྒྱུ་གང་ཡང་མེད། དེ་བཞིན་གཙུག་ལག་ཁང་རྫིག་པོ་ཡོད་ནའང་ཕན་ཐོགས་མེད། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་ཆ་བཞག་ན་དངོས་གནས་སློབ་གཉེར་ཐོག་ཐུགས་འཁུར་སྐྱེད་མཁན་བཞིན་རེད། དེར་བརྟེན་དུས་ད་ཆ་མཁན་རིན་པོ་ཆེ་བཞུགས་མེད་་ཀྱང་མཁན་རིན་པོ་ཆེས་ཐུགས་རེ་གནང་བ་དང་ཐུགས་རེ་ཡོད་པ་དེ་དག་ཁྱེད་ཚོས་མུ་མཐུད་ནས་བསམ་པ་རྣམ་དག་རྒྱབ་མདུན་ངོ་ལྐོག་མེད་པར་བསྒྲུབ་དགོས། དེ་ལྟར་ཡོང་བར་དཔེ་ཆ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་ཁོ་ནའི་སྒྲས་གཞན་ལྡན་རྣམ་བཅད་གསུངས་ཡོད། དེར་བརྟེན་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་འདི་བཤད་སྒྲུབ་ཁོ་ནས་བྱ་རྒྱུ་རེད་མ་གཏོགས། དེ་ལས་གཞན་པའི་དབང་སྐུར་དང་བྱིན་རླབས་བྱས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་རྒྱུ་མེད། དཔེ་ཆ་ལྟ་དགོས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་རིགས་གཏེར་མཛད་ཡོད། ཕལ་ཆེར་ཕྱོགས་གཅིག་ནས་བོད་གངས་ཅན་གྱི་ལྗོངས་ལ་ཚད་མའི་གཞུང་འདི་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་རིག་སྒོ་ལ་སོགས་པ། དེ་བཞིན་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་སྡེ་བདུན། རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ཆ་ཚང་བོད་སྐད་ནང་བསྒྱུར་ཡོད། རྒྱ་ཡིག་ནང་མེད། པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་ཚོས་ཚད་མའི་སྐོར་དོ་སྣང་དེ་ཙམ་མེད། ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་རེད། རྒྱ་ནག་བརྒྱུད་ནས་ཉི་ཧོང་ལ་སོགས་པ་ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད།
འོན་ཀྱང་ཚད་མའི་གཞུང་རྒྱ་ནག་ལ་བསྒྱུར་མེད། སློབ་དཔོན་ཕྱོགས་གླང་གིས་ཚད་མ་རིག་སྒོ་སྔ་མོ་ཞིག་ལ་རྒྱ་སྐད་ཐོག་སྒྱུར་ཡོད་ས་རེད། དེ་མ་གཏོགས་གཞན་མེད། ཕྱིས་སུ་ཚད་མ་རྣམ་འགྲེལ་བསྒྱུར་མཁན་བྱུང་ཡོད་ས་རེད། འོན་ཀྱང་སྔར་ནས་ཚད་མའི་གཞུང་རྒྱ་ཆེན་པོ་ཞིག ཚད་མ་མདོ་དང སྡེ་བདུན། འགྲེལ་པ་དང་བཅས་པ་མང་པོ་ཞིག་བོད་སྐད་ནང་བསྒྱུར་ཡོད། བོད་རང་གི་མཁས་པ་ས་པཎ་ལྟ་བུས་རིགས་གཏེར་མཛད་ཡོད་སྟབས། ཚད་མའི་ཐོག་གངས་ཅན་མཁས་པ་ཚོས་དམིགས་བསལ་ཐུགས་སྣང་གནང་ཡོད། དེ་སྔ་པད་ནོར་རིན་པོ་ཆེའི་དགོན་པར་ངོས་ཀྱིས་ཚད་ཆེན་ཞིག་གཟིགས་ཐུབ་ན་ཡག་པོ་རེད། ཅེས་བརྗོད་རྒྱུ་བྱུང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འགྲེལ་པ་ཡོད། དེར་བརྟེན་ཚད་ཆེན་རྩ་འགྲེལ་གཟིགས་ཐུབ་པ་ཡིན་ན་ལོ་དགུའི་སྒང་ལ་ལོ་གསུམ་སྣོན་ནས་ལོ་བཅུ་གཉིས་གཟིགས་ཐུབ་ན་ཡག་པོ་རེད་ཅེས་བརྗོད་རྒྱུ་བྱུང་། ཁྱེད་རང་ཚོས་ལོ་བཅུ་གསུམ་རིང་དཔེ་ཆ་གཟིགས་བཞིན་ཡོད་པ་འདི་ཧ་ཅང་ཡག་པོ་རེད། གཞུང་ཆེན་པོ་དེ་དག་དུས་ཡུན་རིང་ཙམ་གཟིགས་ཐུབ་ན་ཡག་པོ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།