༢༠༡༤ ཟླ་ ༤་ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཅོན་ཏ་ར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་སྔ་དྲོ་ཆུ་ཚོད་ ༨།༡༥ ཙམ་ལ་གྷོ་པལ་པུར་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱངས་སྐབས་དགེ་ལས་སློབ་ཕྲུག་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། སློབ་གྲྭའི་ཚོགས་ཁང་འགྲམ་དུ་རྟེན་འབྲེལ་འཚམས་འདྲི་མཚོན་ཕྱིར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་ཞུས་པ་དང་སྦྲགས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་དང་། གྷོ་པལ་པུར་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས། སློབ་སྤྱི་ཕུན་ཚོགས་བཀྲ་ཤིས་ལགས། དགེ་ཆེ་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་བོད་ལྗོངས་ང་ཚོའི་ཕ་ཡུལ། བོད་ཀྱི་ནང་ཆོས་ངོ་སྤྲོད་ཅེས་པའི་འགྲེམས་སྟོན་ལ་གཟིགས་སྐོར་དང་ཐུགས་ཞིབ་མཛད་རྗེས་ཤེས་རབ་འོད་སྣང་ཚོགས་ཁང་དུ་གདན་འདྲེན་ཞུས། དེ་ནས་གྷོ་པལ་པུར་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་འཚམས་ཞུ་དང་འབྲེལ་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས། དེ་རྗེས་སློབ་ཕྲུག་ཁག་གཅིག་གིས་ཚན་རིག་དང་། བདེན་བཞི། བོད་ཀྱི་སྐད་ཡིག་སློབ་ཚན་བཅས་ཀྱི་བརྗོད་གཞིའི་ཐོག་རིགས་ལམ་རྟགས་གསལ་སྤྱན་འབུལ་ཞུས། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་ཁྱུག་ཙམ་ཡོང་ནས་ཁྱེད་རང་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང་། འཛམ་གླིང་གང་དུ་ཡིན་རུང་མི་རབས་གཞོན་སྐྱེས་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད། ཁྱེད་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་གི་མི་ཆགས་ཡོད། དུས་རབས་ཉི་ཤུ་པ་ནི་འདས་ཟིན་པ་ཞིག་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་དུས་རབས་ཉི་ཤུའི་ནང་ཧ་ཅང་ཡར་རྒྱས་མང་པོ་བྱུང་ཡོད་ནའང་དེ་དང་ཆབས་ཅིག་མི་གསོད་ཁྲག་སྦྱོར་བསམ་གྱིས་མི་ཁྱབ་པ་བྱུང་འདུག ཕྱི་ལོ་ ༡༩༣༥ ལོར་ངོས་སྐྱེས་སྐབས་ཉི་ཧོང་དང་རྒྱ་ནག་དབར་དམག་འཁྲུག་གང་ཙམ་འགོ་ཚུགས་པའི་སྐབས་རེད། འཛམ་གླིང་དམག་ཆེན་གཉིས་པ་བྱུང་བ་ནས་བཟུང་དམག་འཁྲུག་ཧ་ཅང་མང་པོ་བྱུང་ཡོད།
ལོ་རྒྱུས་སྨྲ་བ་ཚོས་བཤད་པ་ལྟར་ན་མི་ས་ཡ་ཉིས་བརྒྱ་བསད་པ་རེད་བརྗོད་ཀྱི་འདུག དུས་རབས་ཉི་ཤུ་ནང་དམག་འཁྲུག་ཧ་ཅང་མང་པོ་བྱུང་བ་དང་ཆབས་ཅིག་འཛམ་གླིང་འདིའི་སྟེང་ཐུབ་ཚོད་དང་། མགོ་སྐོར་གཏོང་རྒྱུའི་རིགས་བྱུང་ཡོད་པ་མ་ཟད། དེང་སྐབས་ཀྱང་དེ་ལྟར་མང་པོ་ཡོང་གི་འདུག དེ་དག་གི་བྱུང་རྐྱེན་གཙོ་བོ་ནི་དུས་རབས་ཉི་ཤུའི་ནང་སློབ་གསོ་སྤྲོད་སྟངས་མི་འདང་བ་དང་། ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པར་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད། རྒྱ་གར་ལ་ཆ་བཞག་ན། རྒྱ་གར་རང་བཙན་ཐོབ་རྗེས་སློབ་སྦྱོང་སོགས་ཀྱི་ཐོག་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། ཁ་སང་ང་རླངས་འཁོར་ནང་ཡར་མར་ཕྱིན་པའི་སྐབས་སུ་དོ་སྣང་བྱུང་། ཕྲུ་གུ་ཆུང་ཆུང་གིས་སློབ་གྲྭའི་སྒྲིག་ཆས་གྱོན་ཏེ་རྡོག་ཁྲེས་འཁྱེར་ནས་འགྲོ་གི་འདུག རྒྱ་གར་ཆ་བཞག་ན་སློབ་གྲྭ་མང་པོ་བཙུགས་ནས་སློབ་སྦྱོང་ཐོག་དོ་སྣང་ཧ་ཅང་བྱེད་ཀྱི་ཡོད། འོན་ཀྱང་སློབ་སྦྱོང་སྤྲོད་རྒྱུའི་སློབ་ཚན་དེ་དེང་སང་འཛམ་གླིང་འདིའི་སྒང་དབྱིན་ཇིའི་ཚིག་ནང་ (Modernize) ཞེས་དེང་རབས་ཅན་ཐོག་འགྲོ་གི་ཡོད། དེར་བརྟེན་ (Modern Education) བརྗོད་རྒྱུ་དེ་གཙོ་བོ་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་ཡོད། དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པའི་ཤེས་ཡོན་ནང་འཚར་ལོངས་བྱུང་བའི་མི་དེ་རིམ་པས་མི་ཚེ་ཡར་བསླེབས་པའི་སྐབས་སུ་དངོས་པོ་ཁོ་ནར་བསམ་བློ་གཏོང་བ་མ་གཏོགས་ནང་སེམས་རྒྱུད་ཀྱི་ཞི་བདེ་ག་འདྲ་བྱས་ནས་བློ་སྦྱོང་དགོས་སྐོར་རྩ་བ་ནས་དོ་སྣང་མེད།
དཔེར་ན། ཨ་རི་དང་ཡུ་རོབ། ཉི་ཧོང་ལ་ཆ་བཞག་ན། དེང་དུས་ཀྱི་ཤེས་ཡོན་ཧ་ལས་པའི་ཡར་རྒྱས་ཡོད་པ་བཞིན་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་འཕྲུལ་ཆས་ཐོག་ཧ་ཅང་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་སྤྱི་ཚོགས་ནང་རྒྱུ་དངོས་པོ་མང་པོ་ཡོད་ནའང་དངངས་སྐྲག་དང་མ་སྐྱིད་པ་ཡོད་པ་མང་པོ་འདུག གང་ལྟར་དུས་རབས་ཉི་ཤུ་དེ་དངོས་པོ་རྐྱང་པའི་ཐོག་ཕྱིན་པ་ཞིག་རེད་འདུག དངོས་པོ་རྐྱང་པའི་ཐོག་ཕྱིན་པ་ཡིན་ན། ཡ་རབས་མ་རབས་དང། གཞན་ཕན་བསྒྲུབ་རྒྱུའི་སྐད་ཆ་མེད། ང་དང་ཁྱོད་ཟེར་རྒྱུའི་སྐད་ཆ་ཁོ་ནའི་ཐོག་འགྲོ་གི་ཡོད། དེའི་རྐྱེན་པས་དུས་རབས་ཉི་ཤུའི་ནང་མི་གསོད་ཁྲག་སྦྱོར་ཧ་ལས་པ་བྱུང་ཡོད་པར་བརྟེན། ངོས་ཀྱིས་དུས་རྒྱུན་དུ་དུས་རབས་ཉི་ཤུ་པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཆགས་འདུག་ཅེས་བརྗོད་ཀྱི་ཡོད། ཡར་རྒྱས་མང་པོ་ཕྱིན་ཡོད་ནའང་དུས་རབས་ཉི་ཤུ་པ་དེ་འཁྲུག་རྩོད་ཀྱི་ཐོག་ནས་མི་བསད་པའི་གྲངས་ཀ་མང་ཤོས་ཆགས་ཡོད། མིའི་ལོ་རྒྱུས་ཀྱི་ནང་དམག་འཁྲུག་རྒྱག་རྒྱུ་དེ་ Parts of human History འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་རེད།
འོན་ཀྱང་དེར་གཏོར་བཤིག་གཏོང་རྒྱུའི་ནུས་པ་དེ་ཙམ་ཆེན་པོ་མེད། དུས་རབས་ཉི་ཤུའི་ནང་འཕྲུལ་ཆས་ཡར་རྒྱས་དང་། འབར་རྫས་སོགས་ཀྱི་ནུས་པ་ཤུགས་ཆེ་རུ་ཕྱིན་ཡོད། རྡུལ་ཕྲན་མཚོན་ཆ་དང་བཅས་པའི་ཐོག་ནས་གཏོར་བཅོམ་གཏོང་རྒྱུའི་ནུས་པ་ཧ་ཅང་ཆེན་པོ་ཆགས་པར་བརྟེན། སྔ་མོའི་དམག་འཁྲུག་དང་མི་འདྲ་བ་གཏོར་བཤིག་ཚབས་ཆེན་འགྲོ་རྒྱུ་ཆགས་ཡོད། དུས་རབས་ཉི་ཤུ་པ་ནི་དེ་ལྟར་ཕྱིན་པ་རེད། འཛམ་གླིང་འདིའི་སྟེང་བར་སྐབས་འདས་པའི་ལོ་ཕལ་ཆེར་སུམ་ཅུ་བཞི་བཅུའི་ནང་ཞི་བདེ་ཟེར་རྒྱུའི་སྐད་ཆ་དེ་ཤུགས་ཆེ་རུ་འགྲོ་ཡི་འདུག ཝི་ཏི་ནམ་གྱི་དམག་རྗེས་དམག་འཁྲུག་ལ་ངོ་རྒོལ་བྱེད་རྒྱུ་ཧ་ཅང་ཤུགས་ཆེ་རུ་ཕྱིན་སོང་དུས་རབས་ཉི་ཤུའི་ནང་འཚེ་བ་ཤུགས་ཆེན་པོ་བྱུང་བར་མི་ཚང་མ་བསུན་ནས་འཚེ་བ་མེད་པ་བྱུང་ན་ཞེས་འཛམ་གླིང་ཤར་ནུབ་གང་སར་ཤུགས་ཆེན་པོ་འདུག ཞི་བདེ་ཡོད་ན་མི་སྨོས་ཅི་དགོས་སྲོག་ཆགས་ཡིན་ནའང་ཞི་བདེ་དང་བག་ཕེབས་ཡོང་གི་རེད། མེ་སྒྱོགས་རྒྱག་པ་དང་། དུག་རྫས། དུག་རླངས་བཏང་ན་མི་ཙམ་མ་ཟད།
སྲོག་ཆགས་ཚོ་ལའང་བརྡབ་གསིག་འགྲོ་རྒྱུ་དང་། དམག་མི་གྲ་སྒྲིག་ཆེད་བཟོ་གྲྭ་ཆེན་པོ་དེ་དག་གི་གོ་མཚོན་བཟོས་པ་དེས་ཁོར་ཡུག་ལ་གནོད་པ་དང་། དངུལ་མང་པོ་འགྲོ་གྲོན་བཏང་རྗེས་དམག་འཁྲུག་བརྒྱབ་ན་དངུལ་བཏང་པས་གོ་ཆོད་མེད། རྡུལ་ཕྲན་མཚོན་ཆར་ཚང་མ་ཞེད་སྣང་བྱས་ནས་དམག་འཁྲུག་མི་དགོས་པ་བྱེད་ཀྱི་ཡོད། གོ་མཚོན་བཟོ་རྒྱུའི་ཆེད་འགྲོ་གྲོན་ཆེན་པོ་བཏང་བ་དེ་བེད་སྤྱོད་གང་ཡང་མེད་པར་འཕྲོ་བརླག་ལྟ་བུ་རེད། དཔལ་འབྱོར་ཐོག་ནས་རྒྱ་དཀར་ནག་གཉིས་ལ་ཆ་བཞག་ན། གོ་མཚོན་ཐོག་འགྲོ་གྲོན་ཤུགས་ཆེན་པོ་བཏང་བ་དེའི་ཚབ་ཏུ་སློབ་གྲྭ་དང་། སྨན་ཁང་། ལམ་ཁ། ཟམ་པ། ཞིང་ལས་ཡར་རྒྱས་གཏོང་ཆེད་འགྲོ་གྲོན་གཏང་ན་ག་ཚོད་ཕན་ཐོགས་ཡོང་གི་རེད། དཔལ་འབྱོར་ཐོག་ཡིན་ནའང་དམག་འཁྲུག་གྲ་སྒྲིག་བྱེད་རྒྱུ་དང་། དམག་འཁྲུག་བྱུང་ན་དཔེ་ཐབས་སྐྱོ་པོ་རེད། དམག་འཁྲུག་མེད་པའི་སྐབས་སུ་ཡིན་ནའང་དམག་འཁྲུག་གི་ཚོར་བ་ཤུགས་ཆེན་པོ་བྱས་ནས་ང་དང་ཁྱོད་ཟེར་བའི་བསམ་བློ་ཤུགས་ཆེན་པོའི་འོག་གྲ་སྒྲིག་བྱས་ན་གང་ལྟར་དཔལ་འབྱོར་དང་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་བཟོ་གི་འདུག འཛམ་གླིང་གི་ཁོར་ཡུག་ཚ་དྲོད་ཀྱིས་རྐྱེན་པས་དེང་སྐབས་འབྱུང་བའི་གནོད་པ་ཤུགས་ཆེ་རུ་འགྲོ་གི་འདུག ངོས་ཀྱི་མི་ཚེ་འདི་འཛམ་གླིང་འདིས་འཚེ་བའི་ལས་འབྱོར་རྩོམ་བཞིན་པའི་སྐབས་ལ་བསྐྱལ་བ་རེད། ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་མི་རབས་ཤིག་ཆགས་ཡོད། དུས་རབས་འདི་བཞིན་དུས་རབས་ཉི་ཤུ་པའི་ནང་མི་གསོད་ཁྲག་སྦྱོར་གྱི་སྤྱི་ཚོགས་ལྟར་མ་ཡིན་པར་དྲང་བདེན་དང་འདྲ་མཉམ་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་རྒྱུ་འགྲོ་བ་མི་སྤྱིའི་ལས་འགན་ཡིན་པར་བརྟེན་ཁྱེད་རང་ཚོ་འདིའི་ཆ་ཤས་ཤིག་རེད། མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཡིན་སྟབས། དམག་འཁྲུག་བརྒྱབ་ན་སུ་གཅིག་ལ་བདེ་སྐྱིད་ཡོང་གི་མ་རེད།
ང་ཚོ་བོད་པར་ཆ་བཞག་ན། དུས་རབས་ཉི་ཤུ་པའི་ནང་ང་དང་ཁྱེད་ཅེས་པའི་བསམ་བློའི་ཐོག་ནས་རང་རྒྱལ་གཞན་ཕམ་གྱི་གནས་སྟངས་འོག་ང་ཚོ་བོད་པར་དཀའ་ངལ་འཕྲད་པ་རེད། ཁྱེད་རང་ཚོ་བོད་ཕྲུག་དང་མི་རབས་གསར་པ་ཞིག་ཆགས་ཡོད། ང་ཚོ་བོད་པ་ཚོས་ཀྱང་དུས་རབས་ཉེར་གཅིག་པ་འདིའི་ནང་འཛམ་གླིང་འདི་འཚེ་བ་མེད་པ་ཞིག་ཡོང་རྒྱུར་ཞབས་འདེགས་ག་ཚོད་སྒྲུབ་ཐུབ་ཀྱི་འདུག དེའི་ཐོག་བསམ་བློ་གཏོང་དགོས། བོད་ཀྱི་གནས་ཚུལ་ཐོག་རང་བཞིན་གྱིས་རང་རྒྱལ་གཞན་ཕམ་ཞེས་པའི་བསམ་བློ་ཤུགས་ཆེན་པོ་མེད་པར་བསམ་བློ་ཡག་པོ་ཞིག་ཐོག་ཕྱིན་ན། ང་ཚོ་བོད་པའི་གནས་ཚུལ་ཆ་བཞག་ན་ཀུན་ལ་བདེ་བཞིན་སྐྱིད་པ་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད་སྙམ་གྱི་འདུག ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་ཆགས་ཡོད་པར་བརྟེན་ཁྱེད་རང་ཚོ་སྤྱི་བྱེ་གཉིས་ཐོག་ནས་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་བོད་པར་གང་འདྲ་ཡོང་དང་མ་ཡོང་ཁྱེད་རང་ཚོ་བོད་པའི་གཞོན་སྐྱེས་ཚོར་རག་ལུས་ཡོད། མི་སྤྱི་དང་ཡང་སྒོས་བོད་ལ་ཕན་ཐོགས་སྒྲུབ་པར་ཤེས་ཡོན་དགོས་པ་རེད་མ་གཏོགས་ཤེས་ཡོན་མེད་ན། ལྷག་བསམ་ཡོད་ཀྱང་མི་ལག་རྡུམ་ལྟ་བུ་རེད། དེར་བརྟེན་ལྷག་བསམ་དང་ཤེས་ཡོན་ཟུང་འབྲེལ་བྱེད་དགོས། ཤེས་ཡོན་ཡོད་ཀྱང་ལྷག་བསམ་མེད་ན། ཤེས་ཡོན་དེས་རང་ཉིད་ལ་རེ་དོགས་ལུ་གུ་རྒྱུད་སྐྱེ་རྒྱུ་སོགས་ཀྱི་རྐྱེན་པས་སོ་སོ་ཡིན་རུང་མ་སྐྱིད་པ་ཡོང་གི་རེད། སྤྱི་ཚོགས་ནང་ལ་ཡང་ཤེས་ཡོན་ཡོད་རུང་ལྷག་བསམ་མེད་ན་རྙོག་གྲ་བཟོ་མཁན་ཞིག་ཆགས་ཀྱི་འདུག འདས་པའི་འཛམ་གླིང་དེའི་སྟེང་མདའ་དཀྲུག་ཕུ་དཀྲུག་བཟོ་མཁན་མང་ཆེ་བ་ཤེས་ཡོན་ཡོད་པ་ཤ་སྟག་ཆགས་ཡོད། ཤེས་ཡོན་མེད་པར་བླ་མ་དཀོན་མཆོག་ཐོག་ནས་བསྡད་ན་མདའ་དཀྲུག་ཕུ་དཀྲུག་བྱེད་ཀྱི་མ་རེད་ལ་བྱེད་ཀྱང་ཐུབ་ཀྱི་མ་རེད། འཛམ་གླིང་འདིའི་སྟེང་རྙོག་གྲ་བཟོ་མཁན་མང་ཆེ་བ་ཤེས་ཡོན་ཡོད་པ་ཚོ་རེད། འོན་ཀྱང་ང་དང་ཁྱེད་ཅེས་ང་རྒྱལ། ཕྲག་དོག ཞེ་སྡང། འཁོན་འཛིན་འོག་ནས་ཤེས་ཡོན་བེད་སྤྱོད་བྱེད་སྐབས། མི་མང་དག་ཅིག་ཕུང་ལ་སྦྱོར་གྱི་འདུག
དེར་བརྟེན་ཤེས་ཡོན་གཅིག་པུས་འགྲིག་གི་མེད་སྟབས་ལྷག་བསམ་དགོས། གཞན་ལ་ཕན་བདེ་སྒྲུབ་ཅེས་པ་ནི་རང་ཉིད་བློས་གཏོང་བྱས་པའི་སྐད་ཆ་མིན། ཇི་ཙམ་གྱིས་གཞན་ལ་ཕན་བདེ་བསྒྲུབ་ན་རང་ཉིད་ལ་ཁེ་ཕན་ཡོད། ང་ཚོ་འགྲོ་བ་མི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཆགས་ཡོད། སྤྱི་ཚོགས་ལ་བརྟེན་པའི་དུད་འགྲོ་ཚོ་ཡིན་རུང་སློབ་སྦྱོང་སོགས་གང་ཡང་མེད་ཀྱང་རང་བཞིན་གྱིས་ཁོང་ཚོའི་གནས་སྟངས་དེ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས། དཔེར་ན། སྦྲང་འབུར་ཆ་བཞག་ན། སྦྲང་ཚང་བཟོ་སྐབས་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་ཀྱི་འདུག འཛམ་གླིང་འདིའི་ཐོག་མི་གཟུགས་པོ་སྟོབས་ལྡན་ཞིག་ཡིན་རུང་གྲོགས་མེད་ལུང་ཁུག་ཅིག་ལ་བཞག་ན་འཆི་རྒྱུ་རེད་མ་གཏོགས་རང་འགོ་ཐོན་ཐབས་དཀའ་བ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པར་བརྟེན། སྤྱི་པར་སེམས་ཁུར་བླངས་ཏེ་ཕན་ཚུན་རོགས་རམ་བྱེད་རྒྱུའི་སྤྱི་ཚོགས་ཤིག་བྱུང་ན། དེའི་ནང་སྡོད་མཁན་ཚང་མར་བདེ་སྐྱིད་ཡོང་གི་རེད། དཔེར་ན། མི་བརྒྱ་ཡོད་པའི་ཚོགས་པའི་ནང་གཅིག་གིས་གཅིག་ལ་དོགས་པ་བྱས་ནས་བསྡད་ན་མི་ཚང་མ་སྐྱིད་པ་གང་ཡང་ཡོང་རྒྱུ་མེད། མཐར་འུ་ཐུག་ནས་སེམས་སྐྱིད་པོ་ཡོང་ཆེད་ཆང་དང་ཨ་རག་ཚོད་མེད་འཐུང་རྒྱུ་ཡོང་གི་འདུག ཁྱིམ་ཚང་གཅིག་ནང་ཆ་བཞག་ན། གཅིག་གིས་གཅིག་ལ་ཡིད་ཆེས་བློས་འགེལ་དང་ལྟོ་གོས་གྲ་རྒྱས་པོ་མེད་ཀྱང་གང་ཡོད་པ་རྣམས་མཉམ་ཟ་མཉམ་འཐུང་བྱས་ཏེ་བསྡད་ན་སྐྱིད་པོ་ཡོང་གི་རེད། གང་ལྟར་འཛམ་གླིང་འདིའི་སྟེང་ད་ལྟ་ཡོད་པའི་ཤེས་ཡོན་གྱིས་འདང་གི་མི་འདུག་པས་ལྷག་བསམ་དགོས་ཀྱི་ཡོད། ལྷག་བསམ་དང་གཞན་ཕན་ནི་ལོ་སྟོང་ཕྲག་གོང་ནས་ཆོས་དང་འབྲེལ་ནས་ཡོང་གི་ཡོད། ལྷག་བསམ་གྱིས་སྔ་མོར་ཕན་ཡོད་ལ་ད་ལྟ་ཡིན་རུང་ཕན་གྱི་ཡོད། འོན་ཀྱང་འདང་གི་མི་འདུག དེའི་རྒྱུ་མཚན་གཅིག་ནི་དེང་སྐབས་འཛམ་གླིང་འདིའི་སྟེང་མི་གྲངས་དུང་ཕྱུར་བདུན་ཅུ་ཡོད་ཁོངས་ནས་དུང་ཕྱུར་བཅུ་ལྷག་ནས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་མེད། ཁོང་ཚོར་ཆོས་ཀྱི་བསླབ་བྱ་བརྒྱབ་ནས་ཕན་ཐོགས་གང་ཡང་མེད།
ལྷག་པར་ཆོས་པའི་ནང་མགོ་ལོག་རྩེད་མཁན་མང་པོ་འདུག ཆོས་འབག་གྱོན་ནས་མིར་བཤུ་གཞོག་དང་མགོ་སྐོར་གཏོང་གི་འདུག དེ་བཞིན་ཆོས་ཀྱི་ཞེན་ཁོག་བྱས་ཏེ་ནང་ཁུལ་གསོད་རེས་གཏོང་གི་འདུག སྔར་གྱི་ལོ་རྒྱུས་ཙམ་མ་ཟད། དེང་སྐབས་ཀྱང་ཨ་ཕི་རི་ཀའི་ནང་ཡི་ཤུ་དང་ཁ་ཆེའི་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་བྱས་ཏེ་གསོད་རེས་ག་ཚོད་གཏོང་གི་འདུག ཐབས་སྐྱོ་བ་ཞིག་ལ་ནང་པ་དང་ཁ་ཆེ་འབར་མའི་ནང་ཡོང་གི་འདུག གཙོ་བོ་དཔལ་འབྱོར་གྱི་གནས་སྟངས་རེད་ཀྱང་མིང་ཁོང་ཚོ་ཁ་ཆེ་རེད། ང་ཚོ་ནང་པར་གྱོང་གུན་རག་གི་རེད། ཅེས་ཁ་ཆེ་གཏོར་རྒྱུས་མཚོན་ཆོས་ཀྱི་ཕན་རྒྱུ་ཚབ་ཏུ་གནོད་གཞིར་འགྲོ་ཉེན་འདུག ང་ཚོ་བོད་པའི་སྤྱི་ཚོགས་ནང་བླ་མ་ཡིན་ཞེས་མིར་བཤུ་གཞོག་དང་མགོ་སྐོར་གཏོང་གི་འདུག དེང་སྐབས་རྒྱ་ནག་ནང་བོད་ནས་ཡོང་བའི་བླ་མ་ཡིན་རྗོད་མཁན་ཚོས་དངུལ་ཁོ་ནར་བསམ་བློ་བཏང་སྟེ་རྒྱ་མི་ཆོས་དད་ཡོད་མཁན་ཚོར་བཤུ་གཞོག་གཏོང་གི་འདུག གང་ལྟར་ཤེས་ཡོན་སྤྲོད་རྒྱུའི་ནང་ཡ་རབས་སྤྱོད་བཟང་ཞེས་པ་དེས་རང་ཉིད་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་འཕྲོད་བསྟེན་གྱི་ཚན་རིག་པ་ཚོས་བརྗོད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་དང་གང་བློ་མའི་ལྗགས་ལུང་ཡང་བཀའ་དྲིན་ཆེ་བ་སྩལ།