༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅོན་ཏ་ར་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་དུ་ཆིབས་སྒྱུར་བསྐྱངས་ཏེ་དེར་འདུས་གྲྭ་བཙུན་དང་། སློབ་ཕྲུག མི་མང་སོགས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་འདིར་ཉི་གྲགས་ཆོས་བརྒྱུད་ཀྱི་དགོན་པ་གསར་བཞེངས་སྒོ་འབྱེད་ཀྱི་མཛད་སྒོར་ཆེད་མངགས་ཕེབས་པའི་སེར་སྐྱ་རྣམ་པ་ཡོངས་ལ་ཞུ་རྒྱུར། གཙུག་ལག་ཁང་འདིའི་རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་རེད། འདིའི་དམིགས་ཡུལ་ནི་བསྟན་པ་དང་འགྲོ་བའི་དོན་དུ་དམིགས་པ་ཞིག་ཆགས་ཡོད། འདི་ལྟ་བུའི་རྟེན་དང་བརྟེན་པ་དང་དགེ་འདུན་གྱི་འདུས་སྡེ་ཡོད་པ་དེ་ལེགས་པར་གྲུབ་སྟེ་རྨང་གཞི་ལྟ་བུ་འགོ་ཚུགས་ཡོད། ད་དུང་ཡང་རྟེན་གཞི་འདིའི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པར་ཞབས་འདེགས་ལག་རྗེས་ཐོན་པ་ཞིག་བསྒྲུབ་ཐུབ་རྒྱུའི་དགོངས་པ་བཞེས་བཞིན་ཡོད། དེར་བརྟེན་ཐོག་མར་ངོས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཤར་སྤྲུལ་རིན་པོ་ཆེས་དབུ་མཛད་པའི་ཁྱེད་རང་ཚོ་འབྲེལ་ཡོད་ཚང་མས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབ་སྟེ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་ཡོད། ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཀྱི་ཡོད་པ་དེར་བསྟི་གནས་ཤིག་དགོས་ཀྱི་ཡོད།
དེར་བརྟེན་བསྟི་གནས་བཞེངས་པར་ནོར་ལྷ་རྣམ་སྲས་དང་ཛམ་བྷ་ལ་སོགས་ནས་མི་མངོན་པའི་དབྱིངས་ནས་དངོས་གྲུབ་གནང་གི་ཡོད་སྲིད། མཐོང་ཆོས་ལ་སྦྱིན་བདག་ཚོས་ཨ་སྒོར་དང་ཡུ་སྒོར། ཧིན་སྒོར་ཡིན་རུང་དེ་དག་མ་བྱུང་ན་བྱེད་རྒྱུ་གང་ཡང་མེད། གང་ལྟར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་མཁན་སྦྱིན་བདག་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རང་ཚོ་སྦྱིན་བདག་ཚོས་སྐབས་རེ་འདིར་ལྟ་སྐོར་དུ་ཡོང་གི་ཡོད་ཀྱི་རེད། དེ་རིང་འདིར་དངོས་སུ་བསླེབས་པ་རེད། སྦྱིན་བདག་ཚོས་ཞལ་འདེབས་སྤྲད་པ་དེ་རྒྱ་མཚོའི་ནང་རྡོ་དབྱུགས་པ་ལྟ་བུ་མིན་པར་མཐོང་རྒྱུ་ཡོད་པ་ཞིག་ཡོད་སྟབས། ཁྱེད་རང་ཚོའི་སེམས་ནང་ཡིད་ཚིམས་པ་ཞིག་ཏན་ཏན་ཡོང་གི་རེད། ད་ལྟ་ཕྱི་སྣོད་ཀྱི་བཀོད་པ་གྲུབ་པ་ཙམ་རེད། སྣོད་ཀྱི་བཀོད་པ་འདི་བཅུད་ཀྱི་སེམས་ཅན་ལུང་རྟོགས་ཀྱི་བསྟན་པར་ཞབས་འདེགས་སྒྲུབ་ཐུབ་མཁན་གྱི་མི་ཞིག་ཐོན་དགོས་ཀྱི་ཡོད། དེ་ཡང་ལས་སླ་པོ་མ་རེད། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་ཞིག་ཡོང་བར་སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱེད་དགོས། ཐོས་བསམ་སྔོན་དུ་འགྲོ་བའི་ཐོག་ནས་སྒོམ་པ་ཉམས་ལེན་གྱི་རྟོགས་པ་ཡོན་ཏན་སྐྱེས་དགོས་ཀྱི་ཡོད། དེར་བརྟེན་འདི་ནི་ལོ་ནས་ལོ་བསྟུད་དེ་ཡོང་རྒྱུ་ཞིག་རེད་མ་གཏོགས་འཕྲལ་དུ་ཡོང་རྒྱུ་ཞིག་མེད། དེར་བརྟེན་ཁྱེད་རང་ཚོས་གང་འདྲ་བྱུང་ཡོད་མེད་དུས་ནས་དུས་སུ་གཟིགས་སྐོར་གནང་། སྦྱིན་བདག་ཚོས་དངུལ་གྱི་རྒྱབ་སྐྱོར་དང་རོགས་རམ་གནང་ཡོད་པར་བརྟེན་ཁྱེད་རང་ཚོར་ལས་འགན་ཡོད་པ་ལྟ་བུ་རེད། ཁྱེད་རང་ཚོས་མུ་མཐུད་ནས་དགོན་པ་འདིའི་བཤད་སྒྲུབ་ཀྱི་བྱ་བ་གང་འདྲ་ཞིག་ཐོག་ཡོང་གི་ཡོད་མེད་ལྟ་དགོས་རྒྱུ་ཞིག་དང་སྐུལ་མ་ཞུ་དགོས་རྒྱུ་ཞིག་ཆགས་ཀྱི་ཡོད། འདི་ཁྱེད་རང་ཚོས་དགོངས་པར་བཅངས་རོགས། འདིར་ལས་ཀ་སྒྲུབ་སྐབས་ཕྱོགས་གཅིག་ནས་ས་གནས་ཡུལ་མི་རྒྱ་གར་གྱི་མི་མང་དང་།
དེ་བཞིན་ས་ཁུལ་གྱི་ལས་བྱེད་སོགས་ཚང་མས་དོན་གྱི་རྒྱབ་སྐྱོར་གནང་སྟེ་གྲུབ་པ་ཞིག་རེད། ང་ཚོ་སོ་སོའི་ལུང་པར་བསྡད་མེད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད། ས་ཆ་སྦར་མཐིལ་ཙམ་ཞིག་ཡིན་རུང་རྒྱ་གར་གྱི་ས་ཆ་རེད་མ་གཏོགས་བོད་པའི་ས་ཆ་མིན། ས་གནས་ཀྱི་གཙོ་བོ་མི་མང་དང་ལས་བྱེད་པས་དོན་གྱི་རྒྱབ་སྐྱོར་མེད་ན་བསྒྲུབ་ཀྱི་མ་རེད། དེར་བརྟེན་ས་གནས་ཀྱི་རྒྱ་གར་བ་ལས་བྱེད་པ་ཁག་གཅིག་འདིར་ཕེབས་འདུག ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་བརྒྱུད་ས་གནས་ཡུལ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧི་མ་ཅལ་མངའ་སྡེའི་ནང་ང་ཚོའི་དགོན་པ་དང་གཞིས་ཆགས་མང་པོ་ཞིག་ཡོད། སྤྱིར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་མང་པོ་ཞིག་གིས་བོད་མི་ཁྲི་ཕྲག་ལ་གཞིས་ཆགས་ནས་སྡོད་ས་ཞིག་དང་དགོན་པ་དང་སློབ་གཉེར་ཁང་རྒྱག་རྒྱུའི་ཆ་རྐྱེན་འཛོམས་པ་འདི་ལྟ་བུ་ཆགས་ཡོད། སྐབས་རེ་ང་རང་ཚོ་སོ་སོའི་ལུང་པར་ཡོད་པ་ལས་ཚགས་ཚུད་པ་ཡོད། དཔེར་ན། སྔ་མོ་བོད་ལ་ཡིན་ན་ལོ་མང་པོ་དཔེ་ཆ་བལྟས་ནས་དཀའ་ལས་རྒྱག་མཁན་དེ་ཚོའི་གྲས་ཀྱིས་འགྱེད་དང་མང་ཇ་གཅིག་པུས་འདང་རྒྱུ་མེད། ཧ་ཅང་སྐྱོ་བོ་བྱས་ནས་འགྲོ་གི་ཡོད། རྒྱ་གར་ལ་དེ་འདྲའི་ཆ་ནས་ང་ཚོར་མཐུན་རྐྱེན་འཛོམས་པ་ཆགས་ཡོད། དེ་བཞིན་ཧི་མ་ལ་ཡའི་མི་དེ་དག་དེ་སྔ་ཡིན་ན་བོད་ལ་ཐག་རིང་དཀའ་ལས་བརྒྱབ་ནས་འགྲོ་དགོས་ཀྱི་ཡོད། དེང་སང་ཟས་ཆོག་འཐུང་ཆོག་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཙམ་མ་ཟད་སོག་པོ་ཕྱི་ནང་གཉིས་ནས་ནང་སོག་ཁ་ཤས་ཡོང་གི་ཡོད། གཙོ་བོ་ཕྱི་སོག་ཡོང་བཞིན་ཡོད། ཨུ་རུ་སུའི་ཁུལ་ཡོད་པའི་སོག་རིགས་སོགས་ཁྱོན་བསྡོམས་བརྒྱ་ཕྲག་ཁ་ཤས་ཤིག་སློབ་སྦྱོང་བྱེད་བཞིན་ཡོད། ཡུལ་གྲུ་གཞན་ཁག་ནས་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ནང་སློབ་གཉེར་བྱེད་བཞིན་ཡོད།
འདི་ལྟ་བུའི་གོ་སྐབས་ཡོང་རྒྱུ་དེ་གཙོ་བོ་ས་གནས་ཀྱི་ཡུལ་པ་ཚོས་མོས་མཐུན་དང་དོན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཡིན། མཐར་གཏུགས་ན་རྒྱ་གར་དབུས་གཞུང་གིས་ང་ཚོ་བཙན་བྱོལ་བ་ཆགས་པ་ནས་བཟུང་དུས་ད་ལྟ་བར་ལོ་ངོ་ ༥༥ ཙམ་ཕྱིན་ཡོད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དེར་བརྟེན་ང་ཚོ་ཚང་མས་བཀའ་དྲིན་རྗེས་དྲན་ཞུ་དགོས། ང་ཚོར་འཛམ་གླིང་འདིའི་སྟེང་ཞུམ་མི་དགོས་པར་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་ཡོད་པ་དེ་རྒྱ་གར་ནས་བྱུང་བ་ཞིག་ཡིན། ལྷག་པར་དཔལ་ན་ལེནྡྲ་ནས་བརྒྱུད་པ་ཞིག་རེད། རིན་པོ་ཆེས་པཎ་གྲུབ་བཅུ་བདུན་བཞེངས་སྟངས་དེ་ཧ་ཅང་ཡག་པོ་བྱུང་འདུག ལྷོ་ཕྱོགས་སུ་པད་ནོར་རིན་པོ་ཆེའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བསམ་གྱིས་མི་ཁྱབ་པ་ཧ་ཅང་ཡག་པོ་ཞིག་ཡོད། འོན་ཀྱང་ལྡེབས་རིས་ཀྱི་སྟེང་ཁྲོ་བོ་མང་པོ་ཞིག་འདུག སྐབས་རེ་གནས་སྐོར་ཡོང་མཁན་བརྒྱ་ཕྲག་སྟོང་ཕྲག་བསླེབས་སྐབས། འདི་དག་ཡག་པོ་ཞིག་ཤེས་པར་སྔོན་ལ་ཁྱེད་རང་ཚོ་མར་སྡོད་ཨང་ཞེས་ཆུ་ཚོད་གཅིག་གཉིས་ཙམ་འགྲེལ་བཤད་བརྒྱབ་ན་མ་གཏོགས། ལྷ་ཁྲོ་བོ་ཡོད་པ་དེ་དག་ཤེས་ཁག་པོ་ཡོད། ངོས་ཀྱིས་སྒྲུང་ཞིག་ཤོད་རྒྱུ་ཡོད། ལོ་མང་གོང་ཉི་ཧོང་གི་མི་ཞིག་ངོས་རང་ཐུག་ཏུ་བསླེབས་བྱུང་། ཁོང་གིས་ཁོང་བོད་ལ་ཕྱིན་པ་ཡིན། ཕལ་ཆེར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཡིན་ས་རེད། མཆོད་རྟེན་ཧ་ཅང་ཡག་པོ་ཞིག་འདུག ཁོང་དེར་ཕྱིན་པ་ཡིན།
འོན་ཀྱང་ལྷ་ཁང་ནག་ཁུང་དེ་དག་གི་ནང་ལྷ་མཆེ་བ་གཙིགས་པ་དང་ཁྲག་འཐུང་སྡོད་མཁན་མང་པོ་ཞིག་འདུག དེ་གང་འདྲ་ཡིན་ནམ། སངས་རྒྱས་ཀྱི་ཆོས་སྙིང་རྗེའི་རྩ་བ་ཅན་རེད། འདི་ལྟ་བུའི་ལྷ་ཁྱད་མཚར་ཡོད་པ་དེ་གང་འདྲ་ཡིན་ནམ་ཞེས་དྲིས་བྱུང་། ཁོང་གིས་ཉིན་དེར་དགོན་ཁང་རྫིག་པོ་མཐོང་ཡང་དགོང་མོ་དེར་ཁོང་ལ་ཞེད་སྣང་སྐྱེས་ཏེ་གཉིད་ཀྱང་ཡག་པོ་ཁུག་མ་བྱུང་ཞེས་བརྗོད་བྱུང་། དེར་བརྟེན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ན་མ་གཏོགས་ཤེས་ཁག་པོ་ཡིན། སྔ་འགྱུར་ཆ་བཞག་ན་ཐེག་པ་རིམ་པ་དགུ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།