༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་ཟབ་གསང་ཆོས་འཁོར་གླིང་གི་འདུ་ཁང་དང་གྲྭ་ཤག་གསར་བཞེངས་དབུ་འབྱེད་མཛད་སྒོ་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དེར་འདུས་གྲྭ་བཙུན་དང་། སློབ་ཕྲུག མི་དམངས་སོགས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་གསུང་བཤད་གནང་དོན། དེ་རིང་སྔ་འགྱུར་རྙིང་མའི་ཟབ་གསང་ཆོས་འཁོར་གླིང་གི་འདུ་ཁང་དང་གྲྭ་ཤག་གསར་བཞེངས་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་མཁན་བླ་སྤྲུལ་རྣམ་པ་དང་། དགེ་འདུན་པ་རྣམ་པ། དཔལ་ལྡན་ཁྲིམ་ཞིབ་པ་ཆེ་བ་མཆོག དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་ལས་ཀྱི་སྣེ་མོ་བ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྣམ་པ།
དེ་བཞིན་འདིར་ཆེད་མངགས་ཕེབས་པའི་ཐེ་ཝན་དང་རྒྱ་མི་རིགས་ཀྱི་དད་ལྡན་སྦྱིན་བདག་དང་ཆོས་ཞུ་བ། སྦིར་ས་ཁུལ་གྱི་མི་མང་དང་སློབ་ཕྲུག་རྣམ་པ་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྔ་འགྱུར་རྙིང་མའི་བཀའ་གཏེར་གཉིས་ནང་ནས་གཏེར་སྟོན་ཉི་མ་གྲགས་པའི་བརྒྱུད་པ་སྤྲུལ་སྐུ་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་དང་ཤར་སྤྲུལ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དགོངས་པ་རྩེ་མཐུན་ཐོག་ནས་ད་ལྟ་གཙོ་བོ་ཤར་སྤྲུལ་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་ནས་དགོན་པ་གསར་བཞེངས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དགའ་ཚོར་དང་འབྲེལ་རིན་པོ་ཆེ་མཆོག་གིས་ཕྱག་ལས་གནང་བ་དེར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ལྷག་པར་དེང་སང་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གང་ཅིའི་ཐོག་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དེ་ད་ལྟ་གོང་དུ་ཤར་སྤྲུལ་རིན་པོ་ཆེ་མཆོག་གིས་གསུངས་སོང་། ཁ་སང་དགོང་མོ་འདིར་འབྱོར་རྗེས་ཉི་གྲགས་རིན་པོ་ཆེ་དང་ཤར་སྤྲུལ་རིན་པོ་ཆེའི་རྣམ་ཐར་དེབ་གཉིས་པོ་ལྟ་རྒྱུའི་གོ་སྐབས་བྱུང་། རྣམ་པ་གཉིས་ཀྱི་མཛད་པ་སྐུ་གོང་མ་ནས་ད་ལྟ་བར་བསམ་གྱིས་མི་ཁྱབ་པ་བསྐྱངས་འདུག དེ་དག་ལ་གུས་བརྩི་ཞུ་རྒྱུ་ཡིན། མ་འོངས་པར་ཡང་མཛད་པ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ད་ལྟ་ཤར་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་གནང་བ་ལྟར། བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད། ང་ཚོས་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་འདི་ལྟར་འགྲེལ་བརྗོད་བྱེད་བཞིན་ཡོད།
འདི་ལྟ་བུའི་གནས་སྟངས་འོག་བཙན་བྱོལ་ནང་དགོན་པ་བཞེངས་བསྐྲུན་ཐུབ་རྒྱུ་དང་མ་འོངས་པར་དགོངས་གཞི་རླབས་ཆེན་ཡོད་པ་དེ་གཟི་བརྗིད་ལ་ངོས་འཛིན་ཞུ་གི་ཡོད། དེང་སང་དགེ་འདུན་པའི་ཞལ་གྲངས་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་ནས་ཕེབས་མཁན་ཉུང་དུ་འགྲོ་བཞིན་ཡོད། བཙན་བྱོལ་ནང་གི་ཕྲུ་གུ་མང་ཆེ་བ་ཞིག་དགོན་སྡེ་ཁག་གི་ནང་ཆོས་བཞུགས་བྱེད་ཀྱི་མེད། དེར་བརྟེན་ཧི་མ་ལ་ཡའི་རི་རྒྱུད་ནས་མང་པོ་ཞིག་ཡོང་གི་ཡོད། མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་འགན་འཁྱེར་མཁན་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཆགས་ཀྱི་ཡོད་པ་དེ་ང་ཚོས་གནས་སྟངས་མང་པོ་ཞིག་ལ་བལྟས་ན་དངོས་གསལ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་བཀའ་སློབ་མང་པོ་ཞིག་སྩལ་ཡོད། དེར་བརྟེན་དགེ་འདུན་པའི་ཞལ་གྲངས་མང་ཉུང་ལ་མ་ལྟོས་པར་བསླབ་པ་སློབ་གཉེར་ཚད་ལྡན་ཡོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་སྐབས་དགེ་འདུན་པའི་ཞལ་གྲངས་མང་པོ་ཡོད་ཀྱང་བསླབ་པ་སློབ་གཉེར་ཚད་ལྡན་མེད་ན། སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་ཞུ་རྒྱུའི་ཚབ་ཏུ་ཞབས་འདྲེན་དུ་འགྲོ་རྒྱུའི་གནས་བབ་ཡོང་གི་ཡོད། དེ་ལྟར་མི་ཡོང་བར་རིན་པོ་ཆེ་མཆོག་གིས་བཀའ་གནང་བ་བཞིན་མ་འོངས་པར་སྒྲུབ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།
དེ་མིན་ཆབ་སྲིད་ཀྱི་གནས་སྟངས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་རྒྱུ་ཡིན་པར་བརྟེན། ཚོགས་གཙོའི་ངོས་ནས་དུས་ཚོད་མང་པོ་ཞུ་མ་དགོས་པ་བྱེད་ཀྱི་ཡིན། གང་ལྟར་ད་ལྟ་བར་ང་རང་ཚོ་བོད་གཞིས་བྱེས་གཉིས་ཀྱིས་རེ་བ་གཏོད་ས་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད། བོད་ཀྱི་གནད་དོན་འཛམ་གླིང་འདིའི་སྟེང་གནས་ཐུབ་པ་དང་། བོད་ཀྱི་བསྟན་པ་ཡིན་ནའང་འཛམ་གླིང་འདིའི་ནང་ཁྱབ་ཐུབ་པ་དེ་དག་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཞིག་ཡིན་པ་ང་ཚོས་བསམ་ཤེས་བྱས་པའི་ཐོག་ནས་ལྷག་པར་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་བྱས་ཏེ་ཉར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་གནད་ཡོད་མི་སྣ་དང་མི་མང་ཚོ་ཚང་ཁ་ཤིག་ཤིག་ངང་བཅར་གྱི་ཡོད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོ་སོའི་སེམས་ནང་མ་ཉར་ན་ཕན་ཐོགས་གང་ཡང་མེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་གང་སྩལ་བ་དེ་ང་ཚོས་སྒྲུབ་ཐབས་དང་བླ་སློབ་ཀྱི་དམ་ཚིག་ཟབ་པོའི་ཐོག་ནས་ཉར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་གི་འདུ་འཛོམས་འདི་བརྒྱུད་འབོད་སྐུལ་ཞུ་འདོད་བྱུང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་ཡོད། ཅེས་གསུང་བཤད་གནང་ཡོད།