༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦིར་ཅོན་ཏ་རར་རྟེན་གཞི་བྱས་པའི་རྫོང་གསར་བཤད་གྲྭར་ཆིབས་སྒྱུར་གྲུབ་མཚམས་དཔལ་འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་དུ་ཆིབས་སྒྱུར་བསྐྱངས་ཏེ་༸ཞབས་སོར་འཁོད་བསྟུན། བུམ་མང་སྤྲུལ་སྐུ་མཆོག་དང་རྡོ་རྗེ་སློབ་དཔོན་བཅས་ཀྱི་ཕེབས་བསུ་ཟབ་རྒྱས་ཞུས་ཐོག་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་བུམ་མང་སྤྲུལ་སྐུ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་འདི་དགོན་པ་ཆེ་ཆུང་ཚང་མར་དགོས་ངེས་རེད། སྡེ་སྣོད་གསུམ་གི་འཆད་ཉན་བརྗོད་སྐབས་ཚུལ་ཁྲིམས་ཀྱི་བསླབ་པས་གཙོ་བོ་བཏོན་པ་འདུལ་བའི་སྡེ་སྣོད། དེ་ནས་ཏིང་ངེ་འཛིན་གྱི་རྣམ་གཞག་གིས་གཙོ་བོར་བཏོན་མཁན་མདོ་སྡེའི་སྡེ་སྣོད། ཤེས་རབ་ཀྱི་བསླབ་པས་གཙོ་བོར་བཏོན་པ་མངོན་པའི་སྡེ་སྣོད། སངས་རྒྱས་ཀྱི་ཆོས་འགྲོ་སྟངས་གཙོ་བོ་འདི་འདྲ་རེད། ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་བརྗོད་བྱར་བྱེད་མཁན་གཙོ་བོ་སྡེ་སྣོད་གསུམ་ཡོད། དེར་བརྟེན་སྡེ་སྣོད་གསུམ་ལ་ཐོས་བསམ་བྱས་ནས་དོན་རྟོགས་པར་བསླབ་པ་གསུམ་ལ་ཉམས་ལེན་བྱེད་དགོས། བསླབ་པ་གསུམ་གྱི་འགྲོ་སྟངས་སྐོར་གང་ཡང་མ་ཤེས་པར་ཁ་ནས་གྲྭ་པ་ཡིན་བརྗོད་ནས་འདོན་པ་བཏོན་པ་ཙམ་གྱིས་ངོ་མཚར་ཆེ་རྒྱུ་མེད། གང་ལྟར་སློབ་སྦྱོང་བྱས་ནས་ཆོས་འདི་ངོ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གར་ཞྭ་ཁུ་ནུ་ལ་དྭགས། དེ་བཞིན་མོན་དང་བོད་མི། རྒྱ་གར་བ་སོགས་ཀྱི་ནང་དུའང་ནང་པ་ཡིན་བརྗོད་མཁན་མང་པོ་ཡོད་ཀྱང་ནང་པའི་ཆོས་གང་ཡིན་དང་སངས་རྒྱས་ཆོས་དགེ་འདུན་གང་ཡིན་འདྲི་སྐབས་མ་ཤེས་མཁན་མང་པོ་ཡོད། ཆོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ཁ་དཔེར། སོ་ནམ་གྲོང་པའི་དཔེ་ལ་ལྟོས་བརྗོད་སྲོལ་ཡོད་པ་ལྟར་ཉེས་ཆའམ་ཞན་ཆ་དེ་དག་གྲོང་པར་བལྟས་ནས་ང་ཚོས་ཤེས་ཀྱི་ཡོད། རྒྱ༌ནག་ནང་དུ་ནང་པ་ཧ་ཅང་ཤུགས་ཆེན་པོ་ཡོད་སྟབས། ཐེ་ཝན་ནང་དུའང་ནང་པ་ཧ་ཅང་ཤུགས་ཆེན་པོ་ཡོད། དེ་བཞིན་ཉི་ཧོང་དང་ཀོ་རི་ཡ། ཝི་ཏི་ནམ་སོགས་ཤེར་ཕྱིན་གྱི་གཞུང་ལྟ་མཁན་གཅིག་མཚུངས་ཆགས་ཡོད། ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། ཐ་སྙད་གཞན་ཞིག་གི་ཐོག་ནས་བརྗོད་ན་ཐེག་ཆེན་ཡིན་པ་གཅིག་གྱུར་རེད། ཉེ་ལམ་ངོས་རང་ཉི་ཧོང་ནས་ཕྱིར་འཁོར་མཚམས་རེད། ཆོ་ག་འདོན་རྒྱུ་ཧ་ཅང་མང་པོ་ཡོད། སྦྱིན་སྲེག་དང་དབང་བྱེད་སྐབས། ཆུ་དབང་བུམ་པ་ཅོད་པཎ་གྱི་དབང་སོགས་གཅིག་པ་ཡོད། ། ངོས་ཀྱི་ངོ་ཤེས་ཉི་ཧོང་གི་ཆོས་གྲོགས་གཅིག་ཡོད། ཁོང་གིས་ངོས་ལ་ང་ཚོས་ཤེས་རབ་སྙིང་པོ་འདོན་གྱི་ཡོད་ཀྱང་ནང་དོན་ཤེས་ཀྱི་མེད། ཅེས་ནང་ཚག་བྱས་ནས་བརྗོད་ཀྱི་འདུག དེར་བརྟེན་ང་ཚོའི་གྲོང་པ་ནང་པ་ཚོས་ཆོ་ག་འདོན་རྒྱུ་དེ་དག་ལུགས་སྲོལ་ལྟ་བུ་བྱས་པ་མ་གཏོགས་ངོ་ཐོག་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་ཤེས་ཀྱི་མི་འདུག
འདུལ་བ་མེ་ཏོག་འཕྲེང་བརྒྱུད་ནང་། །བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། ། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། ཞེས་གསུངས་ཡོད། སྤོང་བ་བསམ་གཏན་སྒོམ་རྒྱག་རྒྱུ་དང་། ཀློག་པ་ཐོས་བསམ་ཞེས་སློབ་གཉེར་བྱ་རྒྱུ། སྒོམ་རྒྱག་རྒྱུ་དང་གཅིག་དཔེ་ཆ་བལྟ་རྒྱུ་དགོས་སྐོར་གསུངས་ཡོད། གོས་ངུར་སྨྲིག་གྱོན་པ་ཙམ་གྱིས་ཆོག་ཤེས་བྱས་ནས་ང་གྲྭ་པ་ཡིན་ཞེས་གྲྭ་ཆས་ཤིག་གྱོན་པ་མ་གཏོགས་གཞན་སྒོམ་རྒྱག་རྒྱུ་དང་བསླབ་པ་སློབ་གཉེར་གང་ཡང་མེད་པར་བསྡད་ན་ངུར་སྨྲིག་གྱོན་པ་ཙམ་གྱིས་ཆོག་པ་བྱས་ནས་བསྡད་པ་རེད། དགྲ་བཅོམ་པ་ས་ག་ལྷས་ཐུགས་བརྩེ་བ་ཆེན་པོས་གཙོ་བོ་རྗེས་འཇུག་རབ་བྱུང་བ་ཚོར། །བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། ། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། ཞེས་གསུངས་ཡོད།
ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་བསམ་གྱིས་མི་ཁྱབ་པ་ཞིག་དར་ཡོད། ཕྱོགས་མཚུངས་རབ་བྱུང་ཕོ་མོ་མང་པོ་ཡོད་ཀྱང་། སློབ་གཉེར་བརྒྱབ་ནས་དོ་སྣང་ཆེན་པོ་བྱེད་མཁན་མ་འདང་པའི་རྣམ་པ་ཤུགས་ཆེན་པོ་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་མགོན་པོ་གང་ཉིད་མཆོག་ཨ་ཕྱི་ཁང་དུ་རབ་གནས་བྱིན་རླབས་མཛད་རྗེས་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་དུ་ཆིབས་ཞལ་བསྒྱུར་ཡོད།