༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་གྱི་སྣེ་ཁྲིད་འོག་སེར་སྐྱ་མང་ཚོགས་རྣམས་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་མི་ལོ་ཉེར་གཉིས་འཁོར་བ་དང་། བཙན་བྱོལ་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་བཅོ་བརྒྱད་འཁོར་བའི་དུས་དྲན་སྲུང་བརྩི་བཞུགས་སྒར་ལྷ་རྒྱལ་རིར་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་དང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་སྤྱིར་བོད་དོན་བདེན་མཐའ་སེལ་ཐབས་དང་ཡང་སྒོས་བོད་དོན་ཆེད་ཚེ་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཁོང་རྣམས་དལ་རྟེན་བཟང་པོ་ཐོབ་པའི་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་མི་མང་རྣམས་ལ་གསོལ་ཇ་དང་འབྲས་བསིལ་ཕུལ། དེ་ནས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་མས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་། དེ་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ནས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་དོན། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་ལ་བཙན་གནོན་བྱས་ཏེ་མི་ལོ་ལྔ་བཅུ་སོང་བ་དང་། དུས་ཡུན་དེ་དག་རིང་བོད་མི་རིགས་ཀྱི་རང་དབང་ཆེད་སྐུ་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་ཕོ་མོ་རྣམས་ལ་རྗེས་དྲན་དང་། ད་ལྟའི་བཙོན་ཁང་ནང་གནས་བཞིན་པའི་ཆབ་སྲིད་བཙོན་པ་དང་། བོད་དོན་ལས་འགུལ་ནང་འཛུལ་ཞུགས་བྱས་ཏེ་དཀའ་ངལ་འཕྲད་པའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་དང་འཚམས་འདྲི་ཞུ་གི་ཡོད། རྒྱ་གཞུང་གིས་བོད་དུ་ཐོག་མར་བཙན་འཛུལ་བྱས་པ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་གིས་རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་ཆེད་འཚེ་བ་མེད་པའི་ཕྱག་བཞེས་འབའ་ཞིག་གནང་དང་གནང་མུས་ཡིན་སྐོར་སོགས་ཀྱི་གཏམ་བཤད་གནང་།
དེ་ནས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་ཞལ་ཕྱེ་དང་སྦྲགས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་གི་མཇལ་དར་བསྒྲོན་འབུལ་ཞུས་པ་དང་ཆབས་ཅིག་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་དཔར་སྐྲུན་ཞུས་པ་ (ཞུམ་པ་མེད་པའི་མི་ཚེ་ཞེས་པ་དང་། ལོ་ངོ་ལྔ་བཅུའི་བོད་ཀྱི་མུན་ནག་ལ་དཔྱད་པ་) ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སྟེ་གསུང་བཤད་གནང་གསལ། དེ་རིང་གི་ཉིན་མོ་ནི་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པས་གཙོས་སེར་སྐྱ་མང་ཚོགས་རྣམས་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་ཞིག་ཡིན། དེར་བརྟེན་ད་ལྟའི་བཙོན་ཁང་ནང་གནས་བཞིན་པ་དང་། དེ་བཞིན་གློད་བཀྲོལ་ཐོབ་ཀྱང་རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་ངལ་འཕྲད་བཞིན་ཡོད་པ་རྣམས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེ་དང་འཚམས་འདྲི་ཞུ་གི་ཡོད། སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དར་རྒུད་སྣ་ཚོགས་ཤིག་ཡོད་པ་ནི་ཆོས་ཉིད་རེད། དེ་བཞིན་བོད་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱང་སྐབས་ཤིག་རིང་ཨེ་ཤི་ཡའི་ནང་དུ་རྒྱ་ཁྱབ་བྱུང་ཡོད། འོན་ཀྱང་དེང་སྐབས་ང་ཚོ་བོད་ཀྱི་གནས་སྟངས་དེ་གཉན་འཕྲང་གི་དུས་སྐབས་འོག་ལ་འགྲོ་མུས་ཡིན་ཡང་ད་བར་བོད་དོན་གྱི་འཐབ་རྩོད་དེ་ལྟ་བུ་གནས་ཐུབ་པ་ནི་རྒྱལ་སྤྱིའི་ཞིབ་འཇུག་པ་མང་པོས་དེའི་ནུས་པ་གཙོ་བོ་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་། བོད་ནང་གི་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལས་བྱུང་རེད་ཅེས་བརྗོད་ཀྱི་ཡོད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་ནི་བོད་ཆོལ་ཁ་གསུམ་གྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ངོ་བོ་མཚོན་གྱི་ཡོད་པ་རེད། དེའི་ལས་འགན་ཡང་ཆབ་བཙོན་ཟུར་པ་རྣམས་ལ་ལྟ་རྟོག་གི་སྒོ་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་ལས་འགུལ་སྤེལ་རྒྱུ་དེ་ཡིན། དེ་བཞིན་ཚོགས་པ་འདིས་དེ་དག་ལ་ལྟ་སྐྱོང་བྱས་རྐྱེན་བཙན་བྱོལ་བོད་གཞུང་གི་ལས་འགན་ཆུང་དུ་འགྲོ་གི་ཡོད་པ་རེད་བསམ་གྱི་ཡོད། སྔ་ལོ་ས་བྱི་ལོའི་ཞི་རྒོལ་དེ་ཡང་ཕྱི་ལོ་ ༡༩༨༧ དང་ ༡༩༨༨ ལོར་རྒྱལ་ས་ལྷ་སར་བྱུང་བའི་ལས་འགུལ་དེའི་མེ་རོ་གསོས་པ་ལྟ་བུ་ཞིག་ཡིན། ད་དུང་ཡང་ང་ཚོས་ལས་འགུལ་སྤེལ་བར་ཐབས་བྱུས་ལ་བསམ་བློ་ཞིབ་ནན་བཏང་སྟེ། རྣམ་པ་དང་ངོ་བོ་སོགས་ལ་ཉམས་ཞིབ་བྱེད་དགོས་པ་མ་ཟད། རྒྱ་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དག་ངོ་ཤེས་པའི་སྒོ་ནས་གདོང་ལེན་བྱེད་དགོས་པ་ཞིག་ཡིན། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་བོད་སྤྱི་པའི་དོན་ལ་སེམས་ཁུར་བླང་པའི་སྒོ་ནས་ལས་འགུལ་སྤེལ་དགོས་པ་ནི་ང་ཚོའི་འགན་འཁྲི་ཡིན།
བོད་ནང་གི་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་ངང་ནས་བོད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་གི་སྲིད་བྱུས་ལ་ཁ་གཏད་ཀྱིས་ཞི་རྒོལ་གནང་དང་གནང་མུས་ཡིན་པ་དེ་དག་ངས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་སོགས་ཀྱི་གསུང་བཤད་གནང་། དེ་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཕུར་བུ་ཚེ་རིང་ལགས་ནས་ཐུགས་ཆེ་རྗེ་ཞུས་གནང་ཡོད། ད་རེས་ཀྱི་དུས་དྲན་སྲུང་བརྩིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་དང་། དེ་བཞིན་དགོན་སྡེ་ཁག རྡ་སའི་ཉེ་འཁོར་དུ་གནས་པའི་སེར་སྐྱ་མི་མང་བཅས་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་པའི་གནས་བསྡུས་སུ།།