༢༠༡༤ ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ཉིན་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༢༥ བཞེས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་སྔ་དྲོ་ ༧།༥༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག ལོ་ཆེན་རིན་པོ་ཆེ། ལྷོ་སྤྱི་དང་ས་གནས་འགོ་འཛིན་རྣམ་གཉིས།
གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་ལས་སྣེ་རྣམས་ཀྱིས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་བཅས་བཀྲས་ལྷུན་དགོན་པའི་ཚོགས་ཆེན་འདུ་ཁང་དུ་གདན་ཞུས་ཀྱིས་བཞུགས་གྲལ་དུ་འཁོད་མཚམས། སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག དཔལ་ལྡན་སྲིད་སྐྱོང་མཆོག བྱང་རྩེ་ཆོས་རྗེ་རིན་པོ་ཆེ། ལོ་ཆེན་རིན་པོ་ཆེ་མཆོག ལྷོ་སྤྱི་དང་ས་གནས་འགོ་འཛིན། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་ལས་བཅས་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་རིམ་བཞིན་འདེགས་འབུལ་ཞུས་ཡོད།
དེ་རྗེས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་ཅིང་བསྟན་འགྲོའི་གསོས་སུ་རྒྱའི་བཙོན་བཀག་ནས་མྱུར་གྲོལ་སླད་གསོལ་འདེབས་སྨོན་ལམ་མཆོད་འབུལ་གནང་རྗེས་བདེ་ཆེན་སྐལ་བཟང་ཕོ་བྲང་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་དང་བཅས་གདན་འདྲེན་ཞུས་གྲུབ་བསྟུན། སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་མངའ་བདག་སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་ནས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་གནང་།
དེ་ནས་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག དཔལ་ལྡན་སྲིད་སྐྱོང་མཆོག སོགས་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས། བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་གིས་རོལ་ཆ་མཉམ་དཀྲོལ་ཐོག་སྐུ་མགྲོན་རྣམས་དང་སེར་སྐྱ་མི་མང་ཚང་མ་སྐུ་བཞེངས་གནང་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་བོད་བསྟན་སྲིད་མི་རིགས་ཆེད་དུ་རང་སྲོག་བློང་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་དཔའ་མོ་རྣམས་ཀྱི་ཆེད་ཚང་མ་སྐུ་བཞེངས་གནང་ནས་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས། དེ་རྗེས་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་ཆོག་གྲྭ་ནས་ཤིས་བརྗོད་གསུངས་པ་དང་སྦྲགས། རྟེན་འབྲེལ་གསོལ་ཇ་བཞེས་འབྲས་དང་མངར་ཟས་འདེགས་འབུལ་ཞུས།
དེ་ནས་སྦེལ་ཀོབ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་དགའ་སྤག་བློ་བཟང་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་། དེ་ནས་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཐོག་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་དང་་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་མངའ་བདག་སྐྱབས་རྗེ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་གྲུབ་བསྟུན། སྦེལ་ཀོབ་ལྷ་མོའི་ཚོགས་པ་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་ཁག་ཅིག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་རྗེས་ཉིན་གུང་ཆུ་ཚོད་ ༡༢།༡༥ ཐོག་ས་གནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྷོ་སྤྱི་ཀརྨ་སེངྒེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་དང་། མི་མང་རྣམས་ལ་ཉིན་གུང་གསོལ་ཚིགས་ཕུལ་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།