༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་གི་ཚོགས་ཁང་དུ་མགོ་ལོག་རིན་ཆེན་བཟང་པོ་ལགས་ནས་མགོ་ལོག་ཁུལ་གྱི་ས་གནས་སུ་འགྲུལ་བཞུད་ཀྱིས་བོད་ལ་རྒྱ་གཞུང་ནས་བཙན་འཛུལ་མ་བྱས་གོང་གི་གནས་སྟངས་དང་བཙན་འཛུལ་བྱས་རྗེས་ཀྱི་གནས་སྟངས་དངོས་སུ་མྱོང་མཁན་གྱི་བོད་མི་མང་པོ་ཞིག་ལ་དངོས་དྲིས་ཀྱི་བརྙན་ཕབ་དངོས་མྱོང་བདེན་པའི་ར་སྤྲོད་ཅེས་པ་གསར་འགོད་གསལ་བསྒྲགས་གནང་ཡོད།
དེ་ཡང་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་གིས་རིན་ཆེན་བཟང་པོ་ལགས་དང་ཁོང་ནས་ཕྱག་ལས་གང་གནང་ཡོད་པ་སོགས་གསར་འགོད་པར་འགྲེལ་བརྗོད་གནང་། དེ་རྗེས་བོད་ནང་གི་རྒྱལ་གཅེས་ལྷག་བསམ་ཅན་ཚོར་དྲི་བ་ཞུས་པའི་བརྙན་ཕབ་དེར་བསྡུས་རྒྱ་གར་དང་། ཕྱི་རྒྱལ། བོད་པའི་གསར་འགོད་པ་གྲངས་ ༣༠ ཙམ་ལ་བསྟན། དེ་ནས་རིན་ཆེན་བཟང་པོ་ལགས་ནས་དེའི་ཐོག་ལ་གསར་འགོད་གསལ་བསྒྲགས་གནང་དོན། ཕྱི་ལོ་ ༡༩༥༨ ལོར་ངའི་ཕ་རྒན་གྱི་ཨ་མར་རྒྱ་མིས་འཐབ་འཛིང་གཏོང་སྐབས། རྒྱ་མིའི་རྒྱུག་ཁྱི་མི་ངན་ཞིག་གིས་མི་མང་གསེབ་ནས་གྲི་བཙུགས་ཏེ་ཤི་བ་རེད། དེ་ནས་ངའི་ཕ་རྒན་གྱིས་རྗེས་སུ་ངེད་ཅག་བུ་ཕྲུག་ཚོར་ག་དུས་ཡིན་ཡང་སློབ་གསོ་གཏོང་སྟངས་ནི། ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་གུང་ཁྲན་ཏང་ཟེར་བ་འདིར་འགོ་འདྲེན་མའོ་ཀྲུའུ་ཞི་ཟེར་བ་ཞིག་ཡོད་པ་རེད། དེས་འགོ་ཁྲིད་བྱེད་སྐབས་རང་ཅག་བོད་འབངས་ཡོངས་ལ་ཐུབ་ཚོད་ཚད་མེད་བཏང་ནས་རང་རེའི་བོད་འདི་ཕྱི་ནང་གཉིས་སུ་དབྱེ་བ་མ་ཟད། རང་ཅག་བོད་ཁ་བ་གངས་ཅན་གྱི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེ་ཞུ་བ་ཞིག་ཡོད་པ་རེད། ཁོང་ནིི་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་ཞིག་ཡིན་པ་ཁྱེད་རང་གཞོན་སྐྱེས་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད། ཁོང་དེང་སང་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས་ཡོད།
ཁོང་རང་རེའི་བོད་གངས་ཅན་གྱི་གསེར་ཁྲིར་བཞུགས་སུ་མ་བཅུག་པར་ཕྱིར་སྐྲོད་གཏོང་མཁན་ཡང་རྒྱ་མིའི་འགོ་ཁྲིད་མའོ་ཀྲུའུ་ཞི་ཟེར་མཁན་དེ་དང་གུང་ཁྲན་ཏང་གཉིས་རེད། རྒྱ་གཞུང་ནས་དེང་སང་སྐད་ཆ་ཕྱིན་ཅི་ལོག་བཤད་དེ་ང་ཚོའི་བླ་མེད་ཀྱི་མགོན་སྐྱབས་མཆོག་ལའང་ཁ་བྲལ་ཟེར་ཡང་དོན་དམ་ཁ་བྲལ་བཟོ་མཁན་རྒྱ་ནག་གུང་ཁྲན་ཡིན་པ་དེ་ཁྱེད་རང་ཚོ་གཞོན་སྐྱེས་རྣམ་པས་ངེས་པར་སེམས་ལ་ངེས་དགོས། ཞེས་པའི་བསླབ་བྱ་དེ་དག་ལ་བརྟེན་རང་ཉིད་ཀྱིས་ཕྱི་ལོ་ ༢༠༠༧ ལོར་མའོ་ཀྲུའུ་ཞི་དང་། ཏེང་ཞའོ་ཕིན། ཅང་ཙེ་མིན་གསུམ་ལའང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་མཚོན་རྟགས་བྱས་ནས་འདོད་ཆགས་ཀྱི་མཚོན་ཆེད་དུ་མའོ་ཀྲུ་ཞི་བཞག ཞེ་སྡང་གི་མཚོན་ཆེད་དུ་ཏེང་ཞའོ་ཕིན་བཞག གཏི་མུག་གི་མཚོན་ཆེད་དུ་ཅང་ཙེ་མིན་བཅས་བཞག་སྟེ། དེ་དག་མཚོན་བྱེད་ཀྱི་གཟུགས་སུ་བྲིས་ནས་ལུས་ལ་རྒྱ་ཆས་སྤྲད་ཡོད་པ་དང་། མའོ་ཀྲུའུ་ཞིར་འདོད་ཆགས་ཀྱི་མཚོན་ཆེད་དུ་མགོ་བོ་བྱ་གཟུགས་སུ་བཀོད་དེ་བྲིས་པ་དང་། ཏེང་ཞའོ་ཕིན་ལ་ཞེ་སྡང་གི་མཚོན་ཆེད་མགོ་བོ་སྦྲུལ་ཅན། ཅང་ཙེ་མིན་གཏི་མུག་གི་མཚོན་ཆེད་དུ་མགོ་བོ་ཕག་མགོ་ཅན་བཅས་སུ་བྲིས་ཏེ་དར་ལག་རྫོང་དང་དགའ་བདེ་རྫོང་གཉིས་ཀྱི་རྫོང་སྲིད་གཞུང་གི་སྒོ་འགྲམ་གྱི་གྱང་ངོས་དང་། སྤྱི་བདེའི་ཉེན་རྟོགས་ལས་ཁུངས་ཀྱི་སྒོ་ཁ། དེ་མིན་སྲང་ལམ་གང་ཡོད་ཀྱི་གྱང་ངོས་སོགས་སུ་སྦྱར་འགྲེམས་བྱས་པ་དེ་ནི་ཐེངས་དང་པོའི་ལས་འགུལ་ཡིན་སྐོར་སོགས་ཀྱི་འགྲེལ་བརྗོད་གནང་། དེ་ནས་གསར་འགོད་པས་དྲི་བ་བཏོན་པར་ལན་འདེབས་གནང་རྗེས་དྲིལ་བསྒྲགས་དྲུང་ཆེས་ཐུགས་རྗེ་ཆེ་ཞུས་གནང་བ་བཅས་ཀྱི་གནས་བསྡུས་སུ།