༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༢ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ཤི་ཁ་སྒོར་ Chicago ༸ཞབས་སོར་འཁོད་སྐབས་གནམ་ཐང་དུ་ཨ་རིར་བཅའ་བཞུགས་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་ཨ་རིའི་མངའ་སྡེ་ཊི་ནེ་སིའི་ནང་ཡོད་པའི་གྲོང་ཁྱེར་མེམ་ཕིས་ནང་༸ཞབས་སོར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་མ་ཡི་རོན་ལོ་རི་ Myron Lowery མཆོག་དང་ཤེལ་སྦི་རྫོང་ཁོངས་ Shellby County སྤྱི་ཁྱབ་རྣམ་གཉིས་དང་ལྷན་མི་སི་སི་པི་ཆུ་བོའི Mississippi river ཉེ་འགྲམ་གྱི་ཊོམ་ལི་སྐྱེད་མོས་ཚལ་དུ་༸ཞབས་སོར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་གཉིས་ལ་མགོན་པོ་གང་ཉིད་ནས་འཚམས་འདྲིའི་མཇལ་དར་འབུལ་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་མ་ཡི་རོན་ལོ་རི་ནས་ཞལ་ཤོབ་དང་སྦྲགས་༸གོང་ས་མཆོག་དང་ཁུ་ཚུར་བཏུགས་ནས་ཡུལ་དེའི་འཚམས་འདྲི་གནང་སྲོལ་ཡིན་སྐོར་གསུངས་ཡོད། དེ་རྗེས་༸གོང་ས་མཆོག་ནས་ཆུ་བོ་དེར་རབ་གནས་ཐུགས་སྨོན་ཡང་མཛད་ཡོད།
མགོན་པོ་གང་ཉིད་མཆོག་ལ་འབུལ་རྒྱུའི་གཟེངས་རྟགས་ཀྱི་མཛད་སྒོ་དབུ་འཛུགས་མ་ཞུས་སྔོན་ལ་རྒྱལ་ཡོངས་མི་མང་ཐོབ་ཐང་གི་འགྲེམས་སྟོན་ཁང་དུ་གནས་གཟིགས་ལ་ཆིབས་སྒྱུར་བསྐྱངས་ཡོད། དེ་ནས༸གོང་ས་མཆོག་གིས་མ་ཏཱན་ལུ་ཐར་ཀིང་བཀྲོངས་ས་དེར་ཐུགས་སྨོན་མཛད་ནས་བཀའ་ཕེབས་དོན། ལོ་རྒྱུས་ཀྱི་བྱུང་བ་འདིས་ང་ཚོར་དྲང་བདེན་དང་། འདྲ་མཉམ། ཕྱོགས་རིས་མེད་པ་སོགས་སྒྲུབ་པའི་འཐབ་རྩོད་ཀྱི་འབད་བརྩོན་ལ་དཀའ་ངལ་ཇི་ཙམ་འཕྲད་ནའང་མཐའ་མར་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཆོད་སེམས་བརྟན་པོ་ཞིག་སྦྱིན་ཡོད་པ་བཀའ་སློབ་སྩལ།
ཟླ་ ༩ ཚེས་ ༢༣ ཉིན་གྲོང་ཁྱེར་དེའི་ནང་རྒྱལ་ཡོངས་མི་མང་ཐོབ་ཐང་གི་འགྲེམས་སྟོན་ཁང་ནས་༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་ཤིག་འབུལ་བཞེས་གནང་བའི་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་ནས་ཐོག་མར་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་ཆབས་ཅིག་གྲོང་ཁྱེར་གྱི་ལྡེ་མིག་ཀྱང་འབུལ་ལམ་ཞུས་ཡོད། དེ་རྗེས་ཁོང་རྣམ་པ་གཉིས་ཀྱིས་ཟུང་འབྲེལ་ཐོག་ནས་གསལ་བསྒྲགས་གནང་དོན་། ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༢ དང་ ༢༣ གྱི་ཉིན་གཉིས་པོ་དེ་ནི་གྲོང་ཁྱེར་མེམ་ཕིས་དང་། ཤེལ་སྦི་རྫོང་ཁོངས་ Shellby County ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བ་དང་མཐུན་སྒྲིལ་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་མ་ཟད་། གོང་དུ་སྲུང་བརྩི་ཞུས་པའི་ཉིན་གཉིས་པོ་འདི་ལོ་ལྟར་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན། ཉིན་གཉིས་ཀྱི་དུས་དྲན་སྲུང་བརྩི་ཞུས་པ་དེས་ང་ཚོའི་ས་གནས་ནང་ཞི་བདེ་དང་། འཆམ་མཐུན་གོང་མཐོར་ཡོང་བའི་རེ་བ་ཡོད་སྐོར་ཡང་གསུངས་གནང་ཡོད། སྐབས་དེར་ཁོང་རྣམས་ནས་༸གོང་ས་མཆོག་ལ་གྲོང་ཁྱེར་མེམ་ཕིས་དང་ཤེལ་སྦི་རྫོང་ཁོོངས་ཀྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་ཞུས་འདུག གྲོང་ཁྱེར་སྤྱི་ཁྱབ་པ་མ་ཡི་རོན་ལོ་རེ་ནས་༸གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། འཛམ་གླིང་ནང་བདེ་སྐྱིད་དང་། ཞི་བདེ། ཆིག་སྒྲིལ། ཀུན་ཁྱབ་འགན་ཁུར། བཟང་ཕྱོགས་ཀྱི་བསམ་བློ་སོགས་མཚོན་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཆེད་འཚེ་མེད་ཞི་བའི་ཐོག་ནས་འབད་བརྩོན་གནང་བ་དེས་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པའི་མི་རྣམས་ལ་རེ་བ་སྦྱིན་བཞིན་ཡོད། འཚེ་མེད་ཞི་བའི་དབུ་ཁྲིད་མ་ཏཱན་ལུ་ཐར་ཀིང་ Martin Luther king གིས་རང་སྲོག་བློས་གཏོང་ཡུལ་གྱི་ས་གནས་འདིར་འཚེ་མེད་ཞི་བའི་དབུ་ཁྲིད་༸གོང་ས་མཆོག་ཕེབས་པ་འདི་ཤིན་ཏུ་གལ་གནད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུང་བཤད་གནང་ཡོད། ༸གོང་ས་མཆོག་ནས་གྲོང་ཁྱེར་སྤྱི་ཁྱབ་པའི་གཙོས་གནད་ཡོད་མི་སྣ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་ཕེབས་དོན། ངོས་རང་འགྲོ་བ་མིའི་རིན་ཐང་དང་མཛའ་བརྩེ་ལ་ཡིད་ཆེས་ཡོད། བྱམས་བརྩེ་དང་མཛའ་བརྩེ་ནི་མི་རིགས་དང་། དཔལ་འབྱོར་གནས་སྟངས་ཀྱི་དབྱེ་མཚམས་སོགས་བརྒལ་ནས་ཀུན་ལ་ཁྱབ་ཐུབ། བྱམས་བརྩེས་ང་ཚོའི་མཐོང་ཕྱོགས་འགྱུར་ཐུབ། ང་ཚོ་ཚང་མ་མི་ཡིན་པ་དང་མིའི་ཚོར་སྣང་དེ་གཅིག་མཚུངས་མྱོང་བཞིན་ཡོད་ཅེས་བཀའ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་ནས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་མ་ཏཱན་ལུ་ཐར་ཀིང་མཆོག་ལ་གུས་བརྩི་ཡོད་སྐོར་ཡང་བཀའ་གནང་དོན། ངོས་རང་ཁོང་དང་ཐུག་འཕྲད་བྱུང་མེད་ནའང་ངོས་ནས་ཁོང་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད། ཅེས་བཀའ་ཕེབས་ཡོད་པའི་གནས་བསྡུས་སུ།