༢༠༡༤ ཟླ་ ༤ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གྲྭའི་ Emory University ནང་བོད་རིགས་དང་རྒྱ་རིགས་ཐུན་མོང་གིས་གོ་སྒྲིག་འོག་བོད་རྒྱ་མི་རིགས་མཐུན་འབྲེལ་གོང་མཐོར་གཏོང་ཆེད་གསར་འཛུགས་གནང་བའི་བོད་རྒྱ་མཐུན་འབྲེལ་ཚོགས་པ་ The China-Tibet Initiative ཞེས་པར་གཙུག་ལག་སློབ་གྲྭའི་ཕྱི་ལོ་ ༢༠༡༤ ལོའི་སློབ་ཕྲུག་ཚོགས་པ་གསར་པའི་ཁྲོད་འགོ་ཁྲིད་དང་སྤྱི་ཚོགས་ཞབས་ཞུ། དེ་བཞིན་ལས་རིགས་འདྲ་མིན་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ལ་བསྔགས་བརྗོད་ཞུ་སླད་གོང་འཁོད་མཐུན་འབྲེལ་ཚོགས་པར་བྱ་དགའ་གནང་འདུག གཟེངས་རྟགས་ཐོབ་རྗེས་མཐུན་འབྲེལ་ཚོགས་པས་ངོ་དེབ་ནང་འཁོད་དོན།
གཙུག་ལག་སློབ་གྲྭས་ཐེངས་འདིར་བོད་རྒྱ་མཐུན་འབྲེལ་ཚོགས་པའི་ལས་དོན་ལ་གཟེངས་རྟགས་གནང་བ་འདི་ནི་ཚོགས་པ་འདི་འཛུགས་ཆེད་སློབ་ཕྲུག་འགོ་ཁྲིད་མང་དག་ཅིག་གིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་ངོས་འཛིན་གྱིས་བསྔགས་བརྗོད་ཞུས་པ་ཞིག་མཚོན་བཞིན་ཡོད་པ་ཙམ་མ་ཟད། ཚོགས་པ་འདིས་བོད་རྒྱ་མི་རིགས་གཉིས་མཐུན་འབྲེལ་གཏོང་རྒྱུའི་ལས་དོན་དེ་གལ་ཆེའི་རང་བཞིན་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་ཆགས་ཡོད། ཅེས་འཁོད་ཡོད། ཚོགས་པ་འདི་ནི་རྒྱ་རིགས་བྷཌ་ཅིན་དང་བོད་ཀྱི་དགེ་འདུན་པ་ངག་དབང་ནོར་བུ་གཉིས་ཀྱིས་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན་འདུག ངག་དབང་ནོར་བུ་ལགས་ནི་བསྟན་འཛིན་རྒྱ་མཚོའི་སློབ་ཡོན་ནང་ཨེ་མོ་རི་གཙུག་ལག་སློབ་གྲྭར་ཚན་རིག་སློབ་གཉེར་ཆེད་སློབ་ཕྲུག་དྲུག་ཡོད་ཁོངས་ནས་གཅིག་ཡིན་འདུག དེ་ཡང་ཚོགས་པའི་མགྲིན་ཚབ་པས་གསུང་དོན། ཨེ་མོ་རི་གཙུག་ལག་སློབ་ཁང་གི་རྒྱ་རིགས་དང་བོད་རིགས་སློབ་ཕྲུག་ཚོས་མི་རིགས་གཉིས་དབར་མཐུན་འབྲེལ་དང་བསམ་ཤེས་ཡོང་ཆེད་མཐུན་འབྲེལ་གྱི་ཟམ་པ་འདི་ལྟ་བུ་ཞིག་གསར་བཙུགས་གནང་བ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ ནང་དཀའ་ངལ་རྣམས་འཚེ་བ་མེད་པ་གྲོས་མོལ་དང་བསམ་ཤེས་སྒོ་ནས་སེལ་ཐབས་དགོས་པའི་མཛད་བཟང་ལ་རྒྱབ་སྐྱོར་ཞུས་པ་མཚོན་བཞིན་ཡོད། ཚོགས་པ་འདིའི་ལངས་ཕྱོགས་ལ་དཔེ་བླངས་སྟེ་འཛམ་གླིང་རྒྱ་ཁྱབ་ཏུ་རྒྱ་བོད་མི་རིགས་ཀྱི་སློབ་ཕྲུག་རྣམས་ནས་མཐུན་འབྲེལ་གོང་མཐོར་གཏོང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨེ་མོ་རིའི་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་སྐབས་བོད་རྒྱ་མི་རིགས་མཐུན་འབྲེལ་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།