༢༠༠༩ ཕྱི་ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༡ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་སྒྱུར་སྐྱོང་སྐབས་རྡ་སར་གནས་ཡོད་བོད་མི་གཙོས་པའི་དད་ལྡན་བརྒྱ་ཕྲག་མང་པོས་ལག་ཏུ་སྤོས་སྣེ་དང་མཇལ་དར་ཐོགས་ཏེེ་ཆིབས་སྐྱེལ་ཞུས་ཡོད། དེ་ཡང་ཟླ་ ༩ ཚེས་ ༢༣ ནས་༸གོང་ས་མཆོག་ཨ་རི་དང་ཁེ་ན་ཌ་ཁུལ་དུ་མཛད་འཕྲིན་བསྐྱང་སྐབས་མི་མང་ལ་གསུང་ཆོས་དང་བཀའ་སློབ། དེ་བཞིན་ཞི་བདེ་དང་ཤེས་ཡོན་སྐོར་གསུང་མོལ་མཛད་འཆར་ཡོད་པ་རེད།
༸གོང་ས་མཆོག་ཨ་རིའི་ཁུལ་གྱི་མཛད་འཆར། ཟླ་ ༩ ཚེས་ ༢༣ ཉིན་ཐོག་མར་ཨ་རིའི་མངའ་སྡེ་ཊི་ནེ་སིའི་ Tennessee ནང་གི་མེན་ཕིས་ཞེས་པའི་ས་ཁུལ་དེར་༸ཞབས་སོར་འཁོད་ནས་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་ཞེས་པ་རྒྱལ་ཡོངས་མི་མང་ཐོབ་ཐང་གི་འགྲེམས་སྟོན་ཁང་ནས་༸གོང་ས་མཆོག་གིས་བོད་དང་ལྷག་པར་འཛམ་གླིང་ནང་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ཀྱི་རང་དབང་སྲུང་སྐྱོབ་ཆེད་དུ་འགྱུར་བ་མེད་པའི་ཆོད་སེམས་དང་མཛད་རྗེས་ལ་རྒྱབ་སྐྱོར་བསྟོད་བསྔགས་མཚོན་ཆེད་གཟེངས་རྟགས་དེ་འབུལ་བཞེས་གནང་རྒྱུ་ཡིན་པ་རེད། དེ་ཡང་འགྲེམས་སྟོན་ཁང་གི་གཙོ་འཛིན་སྐུ་ཞབས་བྷེན་ཇ་མིན་ Dr.Benjamin ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུག་རྩབ་དང་དྲང་བདེན་མིན་པའི་ཆབ་སྲིད་ཀྱི་བཙན་དབང་མནར་གཅོད་གཏོང་བ་དེ་ཚོར་འཚེ་མེད་ཞི་བའི་ཐོག་ནས་འགོག་ཐབས་དང་གདོང་ལེན་གྱིས་འབད་བརྩོན་གནང་མཁན་དེ་སྔོན་ཨ་རིའི་ནང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མ་ཏན་ལུ་ཐར་ཀིང་ Martin Luther དང་རྒྱ་གར་གྱི་མེས་པོ་དམ་པ་གྷན་ལྷི་ Ghandhi གཉིས་ཀྱི་དཔེ་མཚོན་གསོན་པོ་ཞིག་ཡིན། གདུག་རྩབ་དང་དྲང་བདེན་མིན་པ་དེར་༸གོང་ས་མཆོག་ནས་འཚེ་མེད་ཞི་བའི་ཐོག་ནས་གདོང་ལེན་མཛད་དང་མཛད་མུས་ཡིན།
བོད་མི་རྣམས་བཙན་བྱོལ་དུ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་་བྱེད་བཞིན་ཡོད་པའི་སྐབས་འདིར་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་འཐབ་རྩོད་དེས་སྤྱི་ཚོགས་ནང་དྲང་བདེན་གྱི་ལས་འགུལ་ལ་བློ་སྟོབས་སྤེལ་བཞིན་ཡོད་ཅེས་གསུངས། དེ་བཞིན་ཞི་བདེ་མི་ཚང་བ་ཞེས་པའི་ལས་འཆར་གོ་སྒྲིག་འོག་༸གོང་ས་མཆོག་མཛད་རིམ་གཉིས་ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག དེ་བཞིན་ཀེ་ནོན་ cannon གཞས་སྣ་འཁྲབ་སྟོན་ཐེབས་རྩའི་གོ་སྒྲིག་འོག་༸གོང་ས་མཆོག་ནས་ཞི་བདེ་དང་མཐུན་སྒྲིལ་ཡར་རྒྱས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་དང་སྐབས་དེར་ཨ་རིའི་གཞས་པ་སྐད་གྲགས་ཅན་རྣམས་ནས་གཟིགས་མོ་འབུལ་ལམ་ཞུ་རྒྱུ་རེད་འདུག ཕྱི་ཟླ་ ༩ ཚེས་ ༢༥ དང་ ༢༦ རིང་ཨ་རིའི་མངའ་སྡེ་ཁ་ལི་ཕོ་ནི་ཡའི་ California ནང་དགེ་ལྡན་ཆོས་གླིང་བོད་ཀྱི་ནང་པའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བདེན་བཞིའི་ཐོག་གསུང་ཆོས་བཀའ་དབང་སྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད།
༸གོང་ས་མཆོག་ཁེ་ན་ཌའི་ཁུལ་གྱི་མཛད་འཆར། ཟླ་ ༩ ཚེས་ ༢༧ ནས་ ༢༩ རིང་༸གོང་ས་མཆོག་ཁེ་ན་ཌར་ Canada ཆིབས་སྒྱུར་གྱི་རྒྱལ་ས་ན་ཀུ་བར་ Vancouver ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་ཞི་བདེ་དང་ཤེས་ཡོན་ལྷན་ཚོགས་ཞེས་པའི་ཚོགས་པ་དེའི་གཙོ་སྐྱོང་འོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ནས་ཞི་བདེ་དང་། ཤེས་ཡོན། བུད་མེད། ཞི་བདེ་བསྐྲུན་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་གྲོས་མོལ་མཛད་འཆར་ཡོད་པ་རེད། སྐབས་དེར་ལྕམ་སྐུ་ཇུ་ཌི་ཝིལ་ལེམ་ Jodi Williams སོགས་ཕེབས་རྒྱུ་ཡིན་པ་མ་ཟད་ཤེས་ཡོན། སྒྱུ་རྩལ། ཆབ་སྲིད། དཔལ་འབྱོར་སོགས་སྡེ་ཚན་འདྲ་མིན་ཁག་ནས་སྙན་གྲགས་ཅན་གྱི་རྒྱལ་སྤྱིའི་དབུ་ཁྲིད་དང་སློབ་སྟོན་པ་མང་དག་ཅིག་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད་འདུག དེ་རྗེས་ཀལ་ག་རིའི་ Calgary མཐོ་སློབ་ནང་ཟླ་ ༩ ཚེས་ ༣༠ ནས་ ཟླ་ ༡༠ ཚེས་ ༡ བར་ཉིན་གཉིས་རིང་ཚོགས་འདུ་ཞིག་ཚུགས་འཆར་ཡོད་པའི་སྐུ་མགྲོན་དུ་༸གོང་ས་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱང་སྟེ་ཚོགས་འདུར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད་འདུག དེ་རྗེས་ཁེ་ན་ཌའི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཞེས་པས་གདན་ཞུ་ཕུལ་བ་ལྟར་༸གོང་ས་མཆོག་རྒྱལ་ས་མོན་ཊི་རིལ་ Montreal ནང་ཆིབས་སྒྱུར་གྱིས་བྱམས་བརྩེའི་ནུས་པ་དང་སེམས་ལ་སློབ་གསོ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་ཁེ་ན་ཌ་ནས་སླར་ཡང་ཨ་རིའི་ནང་༸ཞབས་སོར་གྱིས་གྲོང་ཁྱེར་ནིའུ་ཡོཀ་ཏུ་ནང་ཆོས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་རྒྱལ་ས་ཝ་ཤིང་ཊོན་ washington DC དུ་དུས་རབས་ ༢༡ གི་འཛམ་གླིང་འདིའི་སྟེང་གི་སྤྱི་འབངས་རྣམས་ལ་སློབ་གསོ་ ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་ཀྱི་ཚོགས་འདུ་ཉིན་གཉིས་རིང་ཚོགས་རྒྱུ་ཡིན་པ་དེར་ཆིབས་སྒྱུར་བསྐྱང་ཏེ་བཀའ་སློབ་སྩལ་གནང་མཛད་རྒྱུ་རེད་འདུག་ཟླ་ ༡༠ ཚེས་ ༡༠ ཉིན་མགོན་པོ་གང་ཉིད་མཆོག་ཨ་རི་དང་ཁེ་ན་ཌའི་ཁུལ་གྱི་མཛད་འཕྲིན་མཇུག་སྒྲིལ་གནང་རྒྱུ་ཡིན་པའི་གནས་བསྡུས་སུ།