༢༠༡༤ ཟླ་ ༤ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༧ དང་ ༡༨ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྟེང་འབད་བརྩོན་ཇི་ལྟར་བྱ་དགོས་སྐོར་གྱི་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཚེས ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། ང་ཚོས་ཉིན་གཉིས་རིང་གི་ཚོགས་འདུ་འདི་བཞིན་དུམ་བུ་གཉིས་ལ་བགོས་ཡོད། ཚོགས་འདུ་གཙོ་བོ་སང་ཉིན་ཕྱི་རྒྱལ་སྐུ་ཚབ་དོན་གཅོག་ཁག་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་བོད་མིའི་སྒྲིག་འཛུགས་ཀྱིས་འབད་བརྩོན་ཇི་ལྟར་གནང་ཐུབ་ཡོད་མེད་སྐོར་ཡིན། དེ་རིང་གི་ཚོགས་འདུ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་སོ་སོས་ཉམས་ཞིབ་བྱས་པ་དེ་དག་རྣམ་པ་ཚོར་སྙན་སེང་ཞུ་རྒྱུ་རེད། ཐེངས་འདིའི་ཚོགས་འདུ་ཚོགས་དགོས་པའི་རྒྱུ་མཚན་ངོ་སྤྲོད་ཞུ་རྒྱུར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་ཞུགས་པའི་རྒྱ་རིགས་མི་སྣ། རྒྱ་རིགས་ཤེས་ཡོན་ཅན། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་། ཡུ་རོབ་མཐུན་ཚོགས་བཅས་གཙོ་བོར་བྱས་པའི་འཛམ་གླིང་ནུབ་ཕྱོགས་ཀྱི་སྲིད་གཞུང་གཙོ་ཆེ་བ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་གྱི་གཞི་རིམ་རོགས་སྐྱོར་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས། ད་དུང་སྐབས་ཤིག་རིང་མཉམ་འབྲེལ་རྒྱལ་ཚོགས་དང་། ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་བཅས་གཙོ་བོར་འཛིན་ནས་བོད་དོན་འཐབ་རྩོད་ཀྱི་འབད་བརྩོན་གནང་དང་གནང་བཞིན་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩོལ་བ་འདི་ཚོའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་བའི་ཆེད་དུ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་མི་མང་ཁྲོད་བོད་དོན་དྲིལ་བསྒྲགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་སྤྱིའི་ཐོག་བོད་དོན་གྱི་གདན་ཐོབ་སྔར་ལས་ཇེ་མཐོར་བཏེགས་ཡོད། འོན་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་འབད་བརྩོན་ལ་བརྟེན་ནས་རྒྱ་ནག་གཞུང་གི་བསམ་བློའི་ནང་བོད་དོན་ཐག་གཅོད་བྱས་ཚེ་རྒྱ་བོད་གཉིས་ཀར་དགེ་ཕན་ཆེ་བའི་ངེས་ཤེས་རྙེད་ཐུབ་པ་ཞིག་བཟོ་ཐུབ་མེད་ཀྱང་། རྒྱ་ནག་གིས་བོད་ལ་གང་དང་གང་བྱས་པར་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་ངོས་འཛིན་གསལ་པོ་བྱུང་ཐུབ་པ་བཟོས་ཡོད།
བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་འཐབ་རྩོད་བྱེད་པའི་གཞི་རྩའི་ཡིག་ཆ་གཙོ་བོ་གཉིས་ནི། ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཏྲས་སི་སྦག་གི་གྲོས་འཆར་གཉིས་རེད། འོས་འཚམ་གྱི་དགོས་འདུན་གསལ་བའི་གྲོས་འཆར་ཡིག་ཆ་འདི་གཉིས་གཞི་རྩར་བཞག་ནས་དབུ་མའི་ལམ་ལ་གཏན་འབེབས་བྱུང་བ་དང་། དབུ་མའི་ལམ་གྱིས་བོད་རང་བཙན་རྩོད་ཀྱི་མེད། དབུ་མའི་ལམ་གྱི་དགོས་འདུན་སྙིང་པོ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བོད་ས་ཡོངས་སུ་རྫོགས་པ་འཛིན་སྐྱོང་གཅིག་གི་འོག་ཏུ་བསྒྲིལ་ནས། དེར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་སྤྲོད་པའི་རེ་འདུན་འདོན་གྱི་ཡོད། ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཏྲས་སི་སྦག་གི་གྲོས་འཆར་ཡིག་ཆ་གཉིས་མཐར་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”གྱི་གཟུགས་སུ་མངོན་ནས་ཕྱི་ལོ་༢༠༠༨ལོར་ཡིག་ཆ་འདི་དངོས་སུ་རྒྱ་ནག་གཞུང་གི་ལག་ཏུ་སྤྲད་ཡོད། འཚེ་མེད་ཞི་བ་དང་། ཕན་ཚུན་གུས་བརྩི། འགྲིག་འཇགས་ཀྱི་བསམ་པས་ཀུན་ནས་བསླངས་པའི་དབུ་མའི་ལམ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་བྱེད་པའི་ལམ་སྟོན་རྩ་འཛིན་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་སྤེལ་བའི་བརྒྱུད་རིམ་ཁྲོད་ཕྱི་ལོ་༡༩༧༠དོན་གྲངས་ཀྱི་དུས་མཇུག་ནས་ཕྱི་ལོ་༡༩༩༣ལོ་བར་དང་། ཕྱི་ལོ་༢༠༠༢ལོ་ནས་ཕྱི་ལོ་༢༠༡༠ལོ་བར་རྒྱ་ནག་གཞུང་དང་འབྲེལ་ལམ་འཛུགས་ཐུབ་པ་བྱུང་ཡོད། འདི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་འབྲས་ཤིག་རེད། གྲུབ་འབྲས་འདི་རྒྱལ་སྤྱིའི་ས་ཕྱོགས་གཞན་དུ་ཞི་བའི་ལམ་ནས་དཀའ་རྙོག་སེལ་ཕྱིར་འབྲེལ་མོལ་བྱེད་པའི་ལམ་སྲོལ་དང་བསྡུར་ཚེ་ཁྱབ་ཚད་ཆེ་ལ། ཧ་སངས་དགོས་པ་ཞིག་རེད། ཞི་བའི་ལམ་ནས་དཀའ་རྙོག་སེལ་ཕྱིར་འབྲེལ་མོལ་བྱེད་པར་རྒྱལ་ཁབ་གཅིག་ལ་དྲག་པོའི་དམག་གི་སྟོབས་ཤུགས་ཆེན་པོ་དང་། སྔོན་རྩིས་འགྲོ་གྲོན་ཆེན་པོ། དཔལ་འབྱོར་གྱི་གནས་སྟངས་བཟང་པོ་བཅས་ཀྱི་རྒྱབ་རྟེན་དགོས་པ་དང་། དེ་དག་གིས་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་དམིགས་ཡུལ་དོན་འཁྱོལ་བྱེད་པར་མཁོ་བའི་དངུལ་གྲོན་གྱི་མཐུན་རྐྱེན་སྐྲུན་གྱི་ཡོད། འོན་ཀྱང་། བཙན་བྱོལ་བོད་པ་ཚོར་ཆ་མཚོན་ན། འདི་ཚོ་གང་ཡང་མེད་མོད། བོད་པ་ཚོས་རྒྱལ་སྤྱིའི་ཐོག་བོད་དོན་ཁྱབ་སྤེལ་ཇེ་ཆེར་གཏོང་ཐུབ་པ་བྱུང་བས་འཛམ་གླིང་ས་ཕྱོགས་གཞན་དུ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བཞིན་པའི་རྒྱལ་ཁབ་མང་པོ་ཡིད་སྨོན་སྐྱེ་དགོས་པ་ཆགས་ཡོད།
འདི་ཚོ་ཚང་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ལེགས་སོན་བྱུང་བ་ཤ་སྟག་རེད། ཁོང་གི་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེའི་གསུང་འཕྲིན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་དང་། ལྷག་པར་དུ་བོད་ཀྱི་གནད་དོན་ཐོག་ཁོང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕན་ཚུན་གཉིས་སྨན་འགྲིག་འཇགས་ཡོང་ཐབས་ལ་ངལ་བ་འཛེམ་མེད་ཀྱིས་འབད་བརྩོན་གནང་བར་རྒྱ་རིགས་མཁས་པ་དང་། མི་མང་ཤེས་ཡོན་ཅན་ཚུད་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་དང་། བསམ་ཤེས་ཐོབ་ཡོད། ད་དུང་རྒྱ་གར་གཞུང་དང་མི་མང་གིས་བཙན་བྱོལ་བོད་མི་ཚོར་གཏོང་ཕོད་ཆེན་པོས་དྲིན་གྱི་བསྐྱངས་མེད་ཚེ་འདི་ལྟ་བུའི་གྲུབ་འབྲས་སོན་དཀའ་བ་རེད། རྒྱ་གར་གཞུང་དམངས་ཀྱིས་བཀའ་དྲིན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་བྱེས་སུ་རང་ཁ་རང་གསོ་ཐུབ་པ་དང་། ཚགས་དམ་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་པ་བྱུང་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་ལྟེ་གནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉིན་གཉིས་རིང་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཏེ། རྒྱལ་སྤྱིའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་འཐབ་རྩོད་བྱེད་ཕྱོགས་དངོས་སུ་ལག་བསྟར་བྱེད་མཁན་དང་། ལམ་ཕྱོགས་འདིར་ངེས་ཤེས་རྙེད་པའི་མི་སྣ་གཙོ་ཆེ་ཁག་གཅིག་ལ་རང་རང་གི་ཉམས་མྱོང་དང་ལས་ཀའི་ངོ་བོ་ཞིབ་པར་གླེང་བའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་ཡིན། དེ་ཡང་ཁོང་རྣམ་པའི་གླེང་གཞི་གཙོ་བོ་ནི། ༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྱི་འབྲེལ་གཏུག་དང་གྲོས་མོལ་སྐོར་དང་། རྒྱ་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག་ལ་འབྲེལ་ལམ་འཛུགས་རྒྱུའི་སྐོར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཙོ་བོར་བྱས་པའི་འཛམ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་རྒྱབ་སྐྱོར་འཐོབ་ཐབས་ལ་བརྩམས་དང་རྩོམ་བཞིན་པའི་འབད་བརྩོན། འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་དེ་དག་ཡུན་གནས་ཡོང་ཐབས་ཀྱི་འབད་བརྩོན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་ཧྥི་རི་ཁ་དང་། ཨུ་རུ་སུ། ལྷོ་ཨ་མི་རི་ཁ་གླིང་ཆེན། ཐའེ་ཝན་བཅས་དང་འབྲེལ་ལམ་འཛུགས་ཐབས་ཀྱི་འབད་བརྩོན་སོགས་ཀྱི་སྐོར་རེད།
ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་ཁྲོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོ་རིམ་ལས་བྱེད་ཁག་གཅིག་ཡོད། ཁོང་རྣམས་ནི་༸གོང་ས་མཆོག་གི་དིལླི་གསར་པའི་སྐུ་ཚབ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། ཡུ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་མཆོག ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་མཆོག ༸གོང་ས་མཆོག་གི་ཐའེ་ཝན་སྐུ་ཚབ་ཟླ་བ་ཚེ་རིང་མཆོག ༸གོང་ས་མཆོག་གི་ཨ་རིའི་སྐུ་ཚབ་སྐལ་རྡོར་དབུ་དཀར་ཚང་མཆོག ལྷོ་ཨ་མི་རི་ཁ་གླིང་ཆེན་གྱི་འབྲེལ་མཐུད་སྐུ་ཚབ་ཚེ་དབང་ཕུན་ཚོགས་མཆོག་བཅས་རེད། ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ད་དུང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་། ས་ཕྱོགས་གཞན་ནས་ཕེབས་པའི་མཐོ་རིམ་སློབ་གཉེར་བ་ཁག་གཅིག་གིས་ཀྱང་རང་རང་གི་ཉམས་ཞིབ་གྲུབ་དོན་ཚོགས་ཐོག་ཏུ་སྙན་སྒྲོན་ཞུ་རྒྱུ་རེད། ཅེས་སྙན་སྒྲོན་ཞུས་ཡོད། དེ་རྗེས་ཚོགས་འདུ་གཙོ་སྐྱོང་བ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་བོད་དོན་རྩོམ་པ་པོ་སྐུ་ཞབས་གྷེབ་རིལ་ལ་ཕི་ཊེ་(Gabriel Lafitte) ལགས་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། སྐུ་ཞབས་གྷེབ་རིལ་ལགས་ཀྱིས་ཁྱད་དུ་འཕགས་པའི་བོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་རིང་ཉིན་དང་པོའི་ཚོགས་འདུའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་སྤྱི་ཚོགས་བརྒྱུད་ལམ་གྱི་ཤུགས་རྐྱེན་དང་། བོད་ནང་དུ་བོད་མིའི་སྐད་ཡིག་གནས་སྟངས། བོད་ནང་རྒྱ་ནག་གི་དམག་དཔུང་སྟར་སྒྲིག རྒྱ་དཀར་ནག་གི་འབྲེལ་ལམ་དང་བོད་ཀྱི་གནད་དོན། གྲོས་མཐུན་དོན་ཚན་བཅུ་བདུན། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ། རྒྱ་ནག་གི་འགོ་ཁྲིད་སྒྲོམ་གཞི། བོད་ཤར་ཕྱོགས་ཀྱི་འབྲོག་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག