༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། སྐལ་བཟང་རྒྱལ་མཚན་ལགས་དང་། མཐོ་རིམ་ཕྱག་རོགས་བཅས་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༥ བར་རྒྱ་ནག་ཏུ་འབྲེལ་མོལ་ཐེངས་བརྒྱད་པ་གནང་བར་ཕེབས་སྐབས་རྒྱ་ནག་གཞུང་གི་འབྲེལ་ཡོད་དབུ་ཁྲིད་ཚོར་ ” བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་སྐོར་གྱི་བསམ་འཆར་ ” ཞིག་ཕུལ་ཡོད་ཅིང་། རྒྱ་གཞུང་གིས་ ” བསམ་འཆར་ ” དེའི་ནང་འཁོད་པའི་དོན་གནད་ཡོངས་རྫོགས་ལ་ངོས་ལེན་མ་བྱས་པའི་ཁར། ” བསམ་འཆར་དེ་ནི་བོད་རང་བཙན་དང་། ཕྱེད་རང་བཙན། ཡང་ན་རྣམ་པ་འགྱུར་བའི་རང་བཙན་རྩོད་ལེན་བྱེད་པའི་ཐབས་ཤེས་གཞན་ཞིག་རེད། ” ཅེས་འགྲེལ་བརྗོད་ཀྱང་བྱས་ཡོད་པ་རེད།
བཙན་བྱོལ་བོད་གཞུང་ནས་གུ་ཡངས་དཀྱེལ་ཆེའི་གྲོས་འཆར་བཏོན་པ་དེར་ཁས་ལེན་མ་བྱས་པར་བདུན་གཅིག་སོང་རྗེས། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཁོང་ཚོའི་ཐག་གཅོད་དེ་དག་རྒྱུ་མཚན་ལྡན་པ་ཞིག་ཡིན་པར་སྟོན་ཆེད་སྐྱོན་འཛུགས་བྱེད་འགོ་ཚུགས་ཡོད། དེ་ཡང་རྒྱ་ནག་དམར་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆུན་དང་། བློན་ཆེན་གཞོན་པ་སྲི་ཐར་གཉིས་ནས་དེ་སྔའི་བྱེད་ལམ་དང་ཡོངས་སུ་མི་མཐུན་པར། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་འདུག་པ་དེའི་རྒྱུ་མཚན་གཙོ་བོ་ནི་ཁོ་ཚོའི་ཕྱོགས་ནས་བོད་མིའི་ ” བསམ་འཆར་ ” ལ་ངོས་ལེན་མ་བྱས་པ་དེར་བོད་ནང་བོད་མི་ཡོངས་ཀྱི་རྒྱབ་སྐྱོར་ཡོད་ཚུལ་གྱི་རྣམ་འགྱུར་སྟོན་ཆེད་ཡིན་པར་བརྟེན། བོད་རང་སྐྱོང་ལྗོངས་ཞེས་པའི་གཙོ་འཛིན་གཞོན་པ་བོད་རིགས་པདྨ་འཕྲིན་ལས་ཟེར་བ་དེ་ཡང་རྒྱལ་སྤྱིའི་གསར་འགོད་འདུ་འཛོམས་ཐོག་ཁྲིད་ཡོད་པ་རེད།
གོང་གསལ་གསར་འགོད་ལྷན་ཚོགས་ཐོག་ཀྲུའུ་ཝེ་ཆུན་གྱིས་བོད་མི་ཚོར་སེམས་འཚབ་ཡོང་གཞིའི་དོན་གནད་གཉིས་གླེང་སློང་བྱས་ཡོད་པ་དེ་ནི། བོད་ཀྱི་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་དང་། བོད་དུ་རྒྱ་རིགས་ཀྱིས་གཙོས་པའི་མི་རིགས་གཞན་སྤོ་བཞུད་བྱེད་མཚམས་འཇོག་དགོས་པ་བཅས་ཡིན། དམག་དཔུང་ཕྱིར་འཐེན་སྐོར་ཀྲུའུ་ཝེ་ཆུན་གྱིས།
” བཞི་པར་ཏཱ་ལའི་བླ་མ་དང་ཁོ་པའི་རུ་ཚོགས་ཀྱིས་ང་ཚོར་ ” བོད་ཆེན་པོའི་ས་ཁུལ་ ” བོད་མི་གནས་ཡུལ་ནས་མི་དམངས་བཅིངས་གྲོལ་དམག་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་ཡོད་པ་དེས་དོན་དུ་ང་ཚོའི་དམག་མི་ང་རང་ཚོའི་ས་ཆ་ནས་ཕྱིར་འཐེན་དགོས་ཟེར་གྱི་ཡོད་པ་རེད།་་་་་་་་་་་་གལ་ཏེ་ང་ཚོའི་དམག་དཔུང་ཕྱིར་འཐེན་བྱས་ཚེ་ཀྲུང་དབྱང་གིས་རྒྱལ་སྲུང་ལ་དོ་དམ་ཇི་ལྟར་བྱེད་ཐུབ་བམ། དེ་ཐོག་ནས་ཁོ་པའི་རང་བཙན་མི་རྩོད་པའི་སྐད་ཆ་དེ་ཆེད་མངགས་རྫུན་ས་པ་ཞིག་ཡིན་པ་གསལ་པོར་མངོན་ཐུབ། ” ཅེས་བཤད་འདུག་པ་དང་།
དོན་ཚན་གཉིས་པའི་ཐོག ” ལྔ་པར་ཏཱ་ལའི་བླ་མ་དང་། ཁོ་པའི་རུ་ཚོགས་ཀྱིས་ཁོང་ཚོའི་ ” བོད་ཆེན་པོ་ ” ཟེར་བའི་བོད་མི་གནས་སྡོད་ས་ཁུལ་ནས་བོད་རིགས་ཕུད་པའི་མི་རིགས་གཞན་དག་ཚང་མ་བཙན་ཕུད་བྱེད་དགོས་པའི་རེ་བ་བཏོན་ཡོད།་་་་་་་་་་་་ཏཱ་ལའི་བླ་མས་ཁུལ་དེར་མི་རབས་ནས་མི་རབས་བརྒྱུད་དེ་འཚོ་སྡོད་བྱེད་བཞིན་པའི་ཞི་བའི་མི་མང་སྟོང་ཕྲག་མང་པོ་ཕྱིར་འབུད་བྱ་རྒྱུའི་ཤིན་ཏུ་བརྣག་པའི་ཁོག་རྩིས་ཤིག་རྒྱག་གི་ཡོད་པ་དེས་ང་ཚོར་གང་ཞིག་བརྡ་སྟོན་བྱེད་ཀྱི་ཡོད་ཅེ་ན། ཅི་སྟེ་ཏཱ་ལའི་བླ་མས་ ” བོད་ཆེན་པོའི་སྲིད་དབང་བཟུང་བའི་ཉིན་མོ་ཞིག་ཤར་ཚེ། དེ་མ་ཐག་ཏུ་ཁོ་པས་ཐེ་ཚོམ་དང་ཡང་ང་སྙིང་རྗེ་སྤུ་ཙམ་མེད་པའི་སྒོ་ནས་མི་རིགས་དབྱེ་འབྱེད་ ” དང་། ” མི་རིགས་ལོགས་བཀར་ མི་རིགས་གཙང་སེལ་ ” བཅས་བྱེད་ས་ཡིན་པའི་བརྡ་སྟོན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེ་བརྒྱུད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་། རྒྱ་ནག་ནང་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུའང་གནས་ཚུལ་འགོད་སྤེལ་དང་དཔྱད་གླེང་སོགས་རྒྱ་ཆེ་བྱས་འདུག གསར་འགོད་ལྷན་ཚོགས་དེ་འདྲ་ཞིག་སྐོང་ཚོགས་བྱེད་དགོས་པ་དང་། དེའི་ནང་རྒྱ་དཔོན་ཀྲུའུ་ཝེ་ཆུན་གྱིས་པེ་ཅིང་གཞུང་ནས་བོད་མིའི་ ” བསམ་འཆར་ ” ལ་ཕྱོགས་ཡོང་ནས་ངོས་ལེན་མེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་བཅས་ཀྱི་དམིགས་ཡུལ་གང་ཡིན་ཞེ་ན། དེ་ནི་རྒྱ་གཞུང་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྐྱོན་འཛུགས་མི་འོང་བ་དང་། དེ་ལས་གལ་ཆེ་བ་རྒྱ་ནང་གི་རྒྱུ་མཚན་ལ་བརྟེན་ནས་མུ་མཐུད་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གཏམ་བརྗོད་སྤེལ་བ་དེ་དམར་ཤོག་གུང་ཁྲན་ཏང་གིས་སྲིད་དབང་རྒྱུན་འཁྱོངས་བྱེད་པའི་ལག་ཆ་ནུས་ལྡན་ཞིག་ཏུ་གྱུར་ཡོད་པ་བསྟན་པ་རེད།
ཀྲུའུ་ཝེ་ཆུན་གྱིས་ད་རེས་དམིགས་བསལ་གསར་འགོད་ལྷན་ཚོགས་སྐོང་ཚོགས་བྱས་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ ” བསམ་འཆར་ ” ཕྱོགས་ཡོངས་ནས་ངོས་ལེན་མ་བྱས་པའི་ཁར། བསམ་འཆར་གྱི་ནང་དོན་མངོན་གསལ་དོད་པོས་འཁྱོག་བཤད་བྱས་པ་བཅས་ཀྱི་དོན་གནད་གཉིས་གཙོ་བཟུང་བྱས་ཡོད་པ་དེ་དག་ནི་རྒྱ་ནག་དམར་གཞུང་གིས་ཁོང་ཚོའི་དབང་སྒྱུར་ཁྲིམས་མཐུན་ཡོང་ཐབས་དང་། དབང་ཆ་སྲ་བརྟན་ཡོང་ཐབས་ཀྱི་ཆེད་དུ་ཡིན། རྒྱ་ནག་གཞུང་ནས་ ” མི་རིགས་གཙང་སེལ་ ” ཞེས་པ་བསྐྱར་བཤད་ཡང་བཤད་བྱས་ཏེ་ཉེན་དྭོགས་སློང་བ་དང་། བོད་ཀྱི་ས་ཁུལ་ཡོངས་རྫོགས་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་ཞེས་པའི་གྲོས་འཆར་རྙིང་པ་ཡང་ཡང་གླེང་སློང་བྱེད་དགོས་དོན་ནི། རྒྱ་ནག་གི་གཞུང་འཛིན་མི་སྣས་བྱ་ཐབས་དེའི་ཐོག་ནས་རྒྱ་ནག་དཔོན་རིགས་ཚོས་ལྐོག་ཟ་རུལ་སྲུངས་ལ་རྒྱ་ཆེའི་མང་ཚོགས་ནས་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེའི་ཁ་ཕྱོགས་ ” ཁ་བྲལ་ ” དང་ ” ཁ་བྲལ་གྱི་ངན་བྱུས་ ” ཟེར་བའི་ཕྱོགས་སུ་བསྒྱུར་རྒྱུ་དེ་ཡིན་པ་རེད། གོང་གསལ་གསར་འགོད་ལྷན་ཚོགས་དེས་ཁེ་ཕན་ཟུར་སྤྱོད་བྱེད་མཁན་དབང་འཛིན་པ་ཚོར་བོད་ནང་ ཁོང་ཚོའི་ཁེ་ཕན་རྒྱ་ཆེ་ཡོད་པ་དེ་དག་སྲུང་སྐྱོབ་རང་འཇགས་ཡོང་བའི་ཁས་ལེན་བསྐྱར་མ་ཞིག་བྱས་པ་རེད།
དེ་ལྟར་མིན་ན། བོད་མིའི་མངོན་འདོད་གཙོ་བོ་དེར་ ” མི་རིགས་གཙང་སེལ་ ” དང་། བོད་མིའི་ས་ཁུལ་ནས་བཅིངས་གྲོལ་དམག་ཕྱིར་འཐེན་བྱེད་དགོས་ཞེས་པའི་འགྲེལ་ལོག་རྒྱག་དགོས་དོན་གང་ཡང་མེད། བཙན་བྱོལ་བོད་གཞུང་གི་བསམ་འཆར་དེའི་ནང་བོད་མིའི་རེ་འདུན་གཙོ་བོ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་ཡོངས་ལ་སྤྲད་པའི་ཐོབ་ཐང་ཁག་པེ་ཅིང་གཞུང་ནས་ངེས་པར་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དེ་ཡིན། བོད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང་། བཅིངས་གྲོལ་དམག་བོད་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་འཆར་ནི་ལོ་ངོ་ ༢༠ ལྷག་གི་གོང་རྒྱ་ནག་ལ་དཔལ་འབྱོར་གནས་སྟངས་འཕོ་འགྱུར་གྱིས་སྒྱུར་བཅོས་དང་གོམ་བགྲོད་དུས་མཉམ་ལྟ་བུ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གྲོས་འཆར་རྙིང་པ་དང་བསམ་ཚུལ་རྙིང་པ་རྣམས་ལུང་འདྲེན་བྱས་ཏེ། བསམ་འཆར་གསར་པ་དེར་ངོས་ལེན་མི་བྱེད་པ་གང་ཡིན་ནམ། དེ་ནི་དེང་གི་རྒྱ་ནག་འདི་ཁྲོམ་རར་ཕྱོགས་པའི་སྤྱི་ཚོགས་ཤིག་མ་རེད་ཅེས་ཨུ་ནན་བྱས་པ་ལྟ་བུ་རེད། གང་ཡིན་ཞེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོག་མར་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རྒྱ་ནག་དེ་ཉིད་སྤྱི་ལ་དབང་བའི་ལམ་ལུགས་རྨང་གཞིར་བཟུང་བའི་སྤྱི་ཚོགས་རིང་ལུགས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་བསྐྲུན་བྱ་རྒྱུའི་དམ་བཅའ་བཞག་ཡོད་པར་བརྟེན། ད་ལྟའི་རྒྱ་ནག་འདི་ཁྲོམ་རར་ཕྱོགས་པའི་སྤྱི་ཚོགས་ཤིག་མ་རེད་ཅེས་བཤད་པ་འདི་གཏན་ཚིགས་རིག་པ་དང་མཐུན་གྱི་མེད། དེ་མིན་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་འདི་བཞིན་བོད་མིའི་བསམ་འཆར་གཞི་རྩར་བཞག་སྟེ་ཐག་གཅོད་བྱེད་པའི་འདུན་པ་དང་ཆོད་སེམས་ལྡན་ཚེ། དེ་དག་དུས་ཡུན་སྐར་ཆ་ཁ་ཤས་ནང་ཐག་གཅོད་བྱེད་ཐུབ་ངེས་ཡིན་ཞིང་། བོད་མིའི་བསམ་འཆར་དེ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་གཏན་འབེབས་བྱས་པ་ཞིག་མ་གཏོགས་དེ་ལས་ལྡོག་པ་ཞིག་མ་ཡིན། རྩ་ཁྲིམས་ཀྱིས་སྲིད་དབང་ཁྱབ་སྒྱུར་བྱེད་མཁན་ལ་རྒྱལ་ཁབ་ཀྱི་དམག་དཔུང་ག་པར་འགྲེམས་འཇོག་བྱས་ཀྱང་དེ་ལྟར་ཆོག་པའི་ཐོབ་ཐང་སྤྲད་ཡོད། ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་གི་པང་དུ་ཕྱིར་ལོག་བྱེད་སྐབས་སུ་རྒྱ་ནག་གིས་དེ་ལྟར་དུས་ཐོག་ཏུ་ལག་བསྟར་བྱས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པར་བོད་དེ་འཚེ་མེད་ཞི་བའི་བསྟི་གནས་ཤིག་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ར་བ་ཞིག་ཏུ་བསྒྱུར་གནང་མཛད་རྒྱུའི་དགོངས་བཞེད་དེ་ནི། གང་ཉིད་ཀྱི་འཁོར་འབངས་སུ་གཏོགས་པའི་བོད་མི་རྣམས་དང་། དེ་དག་ལོ་ངོ་སྟོང་ཕྲག་རིང་འཚོ་སྡོད་བྱ་ཡུལ་གྱི་མཐོ་སྒང་སྟེ། བོད་ཀྱི་སྣོད་བཅུད་གཉིས་གར་བཅངས་པའི་འབྱུང་འགྱུར་གྱི་འཆར་སྣང་ཞིག་ཡིན་པ་ལས། དེ་ནི་ཞི་མོལ་གང་ཡང་རུང་བ་ཞིག་བྱེད་པར་སྔོན་འགྲོའི་ཆ་རྐྱེན་བཏོན་པ་ཞིག་མ་ཡིན།
བོད་མིའི་ངོས་ནས་བོད་དུ་རྒྱ་མིའི་མི་འབོར་སྤོ་བཞུད་བྱེད་བཞིན་པར་འགྱུར་བ་གཏོང་དགོས་པའི་རེ་འདུན་བཏོན་པ་དེ་ ” མི་རིགས་གཙང་སེལ་ ” བྱེད་ཀྱི་འདུག་ཅེས་སྙད་འདོགས་བྱས་པ་ནི། རྒྱལ་སྤྱིའི་ལྡིང་ཆའི་ནང་འཛམ་གླིང་ཁྱོན་གྱི་མི་རྣམས་ཀྱིས་དེ་ལྟ་བུའི་མི་རིགས་ཤུལ་མེད་བཟོ་བའི་ལས་འགུལ་འདིར་སེམས་འཚོར་དྲག་པོའི་སྒོ་ནས་མི་དགའ་བའི་རྣམ་པ་ཤུགས་ཆེ་བཟོ་ཐབས་དང་། གནད་དོན་འདི་ཐོག་བོད་མི་ཚང་མས་སྙིང་ཁོང་རུས་པའི་གཏིང་ནས་སེམས་འཚབ་བྱེད་བཞིན་པ་དེར་དྲང་འབྲེལ་མིན་པའི་འགྲེལ་བརྗོད་བྱས་པ་ཞིག་ཀྱང་རེད།
རྒྱ་ནག་གིས་རང་ཉིད་མི་རིགས་བྱེ་བྲག་པའི་རྒྱལ་ཁབ་ཅིག་མིན་པར། མི་རིགས་མང་པོ་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། མི་རིགས་མང་པོའི་རྒྱལ་ཁབ་ནང་། གྲངས་ཉུང་མི་རིགས་ལ་སོ་སོའི་རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ཐོབ་ཐང་ཆ་ཚང་ཡོད། དེ་ལྟ་བུའི་ཐོབ་ཐང་ལག་བསྟར་བྱེད་ཚུལ་ནི་བོད་རིགས་གནས་སྡོད་བྱེད་བཞིན་པའི་ས་ཁུལ་ཁག་གི་མི་འབོར་མང་ཆེ་ཤོས་དེ་ངེས་པར་དུ་བོད་རིགས་ཡིན་དགོས་པའི་ཁྲིམས་སྒྲིག་གཏན་འབེབས་བྱེད་དགོས་པ་ཡིན།
དེ་སྔ་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཧོང་ཀོང་ལ་མཚོན་ན། རྒྱ་ནག་སྐམ་ས་ཆེན་པོ་ནས་མི་འབོར་ཕོན་ཆེ་སྤོ་བཞུད་ལ་བཀག་འགོག་དང་སྟངས་འཛིན་བྱེད་ཆེད། ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པ་དང་། དེའི་དོན་ཚན་ ༢༢ ནང་། རྒྱ་ནག་གི་ས་ཁུལ་གཞན་གྱི་ཡུལ་མི་ཧོང་ཀོང་དུ་འཛུལ་ཞུགས་བྱེད་དགོས་ན་ངེས་པར་དུ་ཆོག་མཆན་ཞུ་དགོས་ཤིང་། ཧོང་ཀོང་དམིགས་བསལ་འཛིན་སྐྱོང་ས་ཁུལ་ནང་གཞིས་ཆགས་ཆོག་པའི་གྲངས་འབོར་དེ་རྒྱ་ནག་དབུས་གཞུང་འབྲེལ་ཡོད་དབང་ལྡན་ལས་ཁུངས་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྲིད་གཞུང་དང་གོ་བསྡུར་བྱས་རྗེས་ཐག་གཅོད་བྱེད་དགོས་ཞེས་གསལ་ཡོད།
ཧོང་ཀོང་དུ་གནས་སྤོ་དང་གཞིས་ཆགས་ཀྱི་སྐོར་དང་། གཞུང་འབྲེལ་ལམ། ཚོང་འབྲེལ། སྒེར་དོན་བཅས་ཀྱི་འགྲུལ་བསྐྱོད་རིགས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་གཞི་རྩའི་བཅའ་ཁྲིམས་ནང་དམིགས་བསལ་དུ་བཀོད་ཡོད། དེ་ཡང་ནང་མི་ཟླ་བསྒྲིལ་གྱི་ཆ་རྐྱེན་འོག་ཉིན་གཅིག་ལ་ཧོང་ཀོང་དུ་མི་གྲངས་ ༡༥༠ འགྲོ་ཆོག དེའི་ནང་ནས་ ༦༠ ནི་ཧོང་ཀོང་ནང་གནས་སྡོད་ཆོག་མཆན་ལག་ཁྱེར་ཡོད་པའི་བྱིས་པ་རྣམས་དང་། ༣༠ ནི་བཟའ་ཚང་ལོགས་དགར་བསྡད་དེ་ལོ་ ༡༠ ལྷག་སོང་བའི་རིགས་དང་ཁོང་ཚོའི་ཕྲུ་གུ། དེ་མིན་འཕྲོས་ ༦༠ ནི་རིགས་གཞན་དག་སྟེ་བཟའ་ཚང་ལོགས་དགར་བསྡད་དེ་ལོ་ ༡༠ ལས་ཉུང་བ་ཕྱིན་པའི་རིགས་དང་ཁོང་ཚོའི་ཕྲུ་གུ་དང་། བདག་སྐྱོང་བྱེད་མཁན་མེད་པའི་ཕྲུ་གུ་རྣམས་ནང་སྤུན་མཆེད་ཐུག་འཕྲད་ཆེད་བསྐྱོད་པའི་རིགས། ཕ་མ་བགྲེས་སོང་ལ་ལྟ་སྐྱོང་ཆེད་བསྐྱོད་པའི་རིགས་སོགས་ཚུད་ཡོད།
རྒྱ་ནག་སྐམ་ས་ཆེན་པོ་ནས་ཧོང་ཀོང་ལ་གནས་སྤོ་དང་འགྲོ་འོང་ཐད་སྟངས་འཛིན་བྱེད་པའི་ཁྲིམས་སྒྲིག་དེ་དག་གིས་ཧོང་ཀོང་གི་ཡར་རྒྱས་གོང་འཕེལ་དང་། ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་ལ་ཕན་ཐོགས་ཡོད། ཁྲིམས་སྒྲིག་དེ་ལྟ་བུ་བོད་ལའང་ལག་བསྟར་བྱས་ན་འཚམས་པོ་ཡོད།
དེང་སང་འཛམ་གླིང་ནང་རང་སྐྱོང་སྲིད་གཞུང་གི་ས་ཁུལ་ཁག ༣༠ ལྷག་ཡོད། རང་སྐྱོང་གི་བཀོད་སྒྲིག་མང་ཆེ་བའི་ནང་། རྒྱལ་ཁབ་ཀྱིས་ས་མཚམས་བཀོད་འདོམས་དང་སྒོ་ཁྲལ། ཕྱི་མི་གནས་སྤོ་སྟངསའཛིན་སོགས་བྱེད་ཀྱི་ཡོད་ཀྱང་། དབང་ཚད་དེ་དག་རྒྱལ་ཁབ་དེ་དང་རང་སྐྱོང་སྲིད་གཞུང་གཉིས་ཀས་ཟུང་འབྲེལ་དུ་སྤྱོད་པའམ། ཡང་ན། ཕན་ཚུན་བར་བགོ་འགྲེམས་ཀྱང་བྱེད་ཆོག རྒྱལ་ནང་གི་མི་འབོར་གནས་སྤོ་དང་གནས་སྡོད་ཀྱི་ཆ་རྐྱེན་ལ་དམིགས་བསལ་དོ་སྣང་སྤྲོད་དགོས་པའི་རྒྱུ་མཚན་ནི། རྒྱལ་ནང་མི་འབོར་གནས་སྤོས་བྱས་པའི་རྐྱེན་གྱིས། རིག་གཞུང་ཐོག་ཤུགས་རྐྱེན་གཏིང་ཟབ་ཡོང་སྲིད་ལ། བྱེ་བྲག་ཏུ་རྒྱལ་ཁབ་ཆེན་པོ་དེའི་ཡུལ་མི་རྣམས་རང་སྐྱོང་མངའ་ཁུལ་དེར་གནས་སྤོ་བྱས་ཚེ། རིག་གཞུང་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་འབྱུང་སྲིད།
ཝ་ཊེ་ཀོན་དང་། མཡེཀོ་རོ་ནི་ཤི་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག་ལ་ས་མཚམས་བཀོད་འདོམས་དང་། སྒོ་ཁྲལ། གནས་སྤོ་འགྲོ་འོང་ཐོག་སྟངས་འཛིན་ཆ་ཚང་བྱེད་རྒྱུའི་དམིགས་བསལ་དབང་ཚད་ཡོད། ཨིནུཊ་ཡུལ་གྱི་ས་མཚམས་བཀོད་འདོམས་དང་། སྒོ་ཁྲལ་ཐོག་ཁེ་ཎ་ཌར་དབང་ཆ་ཡོད་ཀྱང་། ཨིནུཊ་པ་ཚོས་རང་གི་མི་རིགས་མ་ཡིན་པ་དང་། ཁེ་ཎ་ཌའི་ཡུལ་མི། ཕྱི་མི་ཁག་བཅས་རང་གི་མངའ་ཁུལ་ནང་ཡོང་རྒྱུར་བཀག་འགོག་བྱེད་ཆོག ཨིནུཊའི་ས་ཐོག་ཏུ་ཁེ་ཎ་ཌའི་དྲག་པོའི་རྩལ་སྦྱོང་བྱེད་པར་ཨིནུཊས་མོས་མཐུན་དགོས་པ་ཡིན། དེར་མ་ཟད་ཨིནུཊ་པ་ཡིན་མིན་དབྱེ་འབྱེད་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་ཨིནུཊ་རང་ལ་ཡོད། དེ་དང་འདྲ་བར་ན་ཝ་ཇོ་རྒྱལ་ཁབ་ཀྱིས་མི་རིགས་གཞན་རང་གི་མངའ་ཁུལ་ནང་འཛུལ་ཞུགས་དང་གནས་སྡོད་ཆོག་མིན་ལ་སྟངས་འཛིན་བྱེད་ཀྱི་ཡོད།
གནས་སྟངས་འགའ་ཞིག་ཏུ་དབང་ཚད་དེ་དག་རྒྱལ་ཁབ་དེ་དང་དེའི་མི་མང་དབར་བགོ་འགྲེམས་བྱས་པའང་ཡོད། དཔེར་ན། པེལིསི་ཐན་ནང་། ཨིཛ་རེལ་དང་པིསི་ཐན་གཉིས་ཟུང་འབྲེལ་གྱིས་ས་མཚམས་ཁག་ལ་སྟངས་འཛིན་བྱེད་པ་དང་། རྒྱ་ནག་དབུས་གཞུང་ལ་མཐའ་མའི་དབང་ཚད་ཡོད་པའི་འོག་ཧོང་ཀོང་གཞུང་ནས་སྒོ་ཁྲལ་དང་། ཡུལ་མི་གནས་སྤོ་འགྲོ་འོང་ལ་འཛིན་སྐྱོང་དང་སྟངས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་བོད་རང་སྐྱོང་ལྗོངས་ནང་གནད་དོན་འདི་དག་གི་འཛིན་སྐྱོང་དང་སྟངས་འཛིན་རྒྱ་ནག་དབུས་གཞུང་ནས་བྱེད་ཀྱི་ཡོད།༡
མི་འབོར་སྤོ་བཞུད་ལ་སྟངས་འཛིན་གྱི་བཀོད་སྒྲིག་འདི་དག་ནི་མི་རིགས་གཙང་སེལ་བྱེད་པ་ཞིག་མིན། གལ་ཏེ་རྒྱལ་ནང་གི་གྲངས་མང་མི་རིགས་ཤིག་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་སྤོ་བཞུད་བྱེད་པ་ལ་སྟངས་འཛིན་དང་དོ་དམ་གྱི་བཀོད་སྒྲིག་རིགས་གཏན་འབེབས་བྱས་མེད་ན། དེའི་ངན་འབྲས་ནི་མན་ཇུའི་མི་རིགས་ལྟ་བུར་གྲངས་ཉུང་མི་རིགས་དེ་ཤུལ་མེད་དུ་འགྲོ་བ་ཡིན།
རྒྱ་ནག་གི་མན་ཇུའི་མི་རིགས་དང་། ནང་སོག་གི་སོག་པོའི་མི་རིགས། ཤིན་ཅང་གི་ཡུ་གུར་མི་རིགས་བཅས་ཀྱི་ཡིད་སྐྱོའི་བྱུང་བ་དེ་དག་གིས་བོད་མི་རིགས་ལའང་ཉེན་བརྡ་གཏོང་གི་ཡོད། མན་ཇུ་མི་རིགས་ནི་རྒྱ་ནག་བཙན་པོའི་རྒྱལ་ཁབ་ཀྱི་དབང་སྒྱུར་པ་མཐའ་མ་དེ་ཡིན་པ་དང་། དེང་རྒྱ་ནག་བྱང་ཤར་གྱི་ས་ཁུལ་ཧེ་ལུང་ཅང་དང་། ཅི་ལིན། ལེའོ་ཉིང་བཅས་ནི་སྲོལ་རྒྱུན་ཐོག་མན་ཇུའི་ཡུལ་ཁམས་མན་ཇུ་རི་ཡ་ཞེས་པ་དེ་ཡིན། འོན་ཀྱང་རྒྱ་མི་ཕོན་ཆེ་གནས་སྤོ་བྱས་པའི་རྐྱེན་གྱིས་ས་ཁུལ་དེ་དག་ཏུ་ད་ལྟའི་ཆར་མན་ཇུའི་མི་རིགས་དེའི་ངོ་བོ་དང་ཁྱད་ཆོས་རྣམས་དྲན་པའི་ཡིད་ཡུལ་ནས་ཡལ་ཟིན་ཡོད། རྒྱ་ནག་གི་ ༢༠༠༠ ལོར་བཏོན་པའི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་། ཧེ་ལུང་ཅང་ཞིང་ཆེན་གྱི་མི་འབོར་བརྒྱ་ཆ་ ༩༡ དེ་རྒྱ་མི་ཡིན་པ་དང་། མན་ཇུའི་མི་རིགས་བརྒྱ་ཆ་ ༣ ལས་མེད། ཅི་ལིན་མངའ་སྡེའི་ནང་རྒྱ་མི་བརྒྱ་ཆ་ ༩༡ དང་། མན་ཇུ་བརྒྱ་ཆ་ ༤ ལས་མེད། ལེའོ་ཉིང་ཞིང་ཆེན་ནང་རྒྱ་མི་བརྒྱ་ཆ་ ༨༤ དང་། མན་ཇུ་བརྒྱ་ཆ་ ༡༣ ལས་མེད། རྒྱ་ནག་གིས་ལོ་མང་རིང་མན་ཇུའི་མི་རིགས་དང་རིག་གཞུང་ལ་གཏོར་བཤིག་ཆེན་པོ་བཏང་བའི་རྐྱེན་གྱིས། ཕྱི་ལོ་ ༢༠༠༧ ཟླ་ ༣ ཚེས་ ༩ ཉིན་ཤིན་ཧ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆ་རྒྱ་ནག་ཏུ་མན་ཇུའི་སྐད་ཡིག་ཤོད་ཐུབ་མཁན་མན་ཇུ་བགྲེས་སོང་བ་བརྒྱ་ཁ་ལོང་གི་མེད།
རིང་མིན་རྒྱ་ནག་ནང་སོག་དང་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་གི་མི་རིགས་ཚོའང་དེ་ལྟ་བུའི་ཡིད་སྐྱོའི་གནས་སྟངས་ཆགས་ངེས།
ད་ལྟའི་ཆར་ལྷོ་སོག་པའི་ནང་མི་འབོར་ས་ཡ་ ༣༠ གནས་སྡོད་བྱེད་བཞིན་པ་ཡིན། འོན་ཀྱང་ས་ཁུལ་དེའི་རང་བྱུང་ཐོན་ཁུངས་ཀྱིས་མི་འབོར་ས་ཡ་ ༥ ལས་འཚོ་གནས་བྱེད་ཐུབ་ཀྱི་མེད་ཅེས་རྒྱ་ནག་གི་མཁས་པ་ཚོས་དཔྱད་སྡོམ་བྱས་ཡོད། ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་དམར་ཤོག་གིས་ལྷོ་སོག་པོར་སྲིད་དབང་འཛུགས་སྐབས། སོག་པོའི་མདའ་ཚན་ (League) ཁག་གི་མི་འབོར་མང་ཆེ་བ་སོག་རིགས་ཡིན་ཞིང་། མདའ་ཚན་མང་པོའི་ནང་སོག་རིགས་མ་གཏོགས་མི་རིགས་གཞན་མེད་པ་ཡིན། དཔེར་ན། ཤི་ལིན་གྷོལ་ཁུལ་གྱི་ནང་ཚན་སུ་ནིཌ་ལྟ་བུར་མཚོན་ན། ཕྱི་ལོ་ ༡༩༤༧ ལོར་ས་ཁུལ་དེའི་ཁྱོན་ཡོངས་ལ་རྒྱ་མི་གཉིས་ལས་མེད་ཀྱང་། ཕྱི་ལོ་ ༡༩༨༤ ལོར་ཁུལ་དེའི་མི་འབོར་གྲངས་ ༧༠༠༠༠ ཡོད་པ་དང་། སོག་པོའི་མི་གྲངས་ཀྱིས་སྡོམ་འབོར་དེའི་སུམ་ཆ་གཅིག་ཀྱང་ལོན་གྱི་མེད། ཕྱི་ལོ་ ༡༩༦༠ ནས་ ༡༩༧༠ བར་ལྷོ་སོག་པོའི་ནང་རྒྱ་མི་གནས་སྤོ་ལ་སྟངས་འཛིན་གང་འཚམས་བྱས་ཡོད་ཀྱང་། རྒྱ་མི་ས་ཡ་ ༥ ཁུལ་དེར་གནས་སྤོ་བྱས་ཡོད། འོན་ཀྱང་དེའི་རྗེས་སུ་ཕྱི་མི་གནས་སྤོ་ལ་སྟངས་འཛིན་མེད་པར་རྒྱ་མི་རྣམས་རང་དགར་གནས་སྤོ་བྱས་ཡོད། ཕྱི་ལོ་ ༡༩༨༠ གྱ་གྲངས་སྐབས་རྒྱ་ནག་ནང་གི་བཅོས་སྒྱུར་དང་། ཕྱི་ལོ་ ༡༩༩༠ གོ་གྲངས་ནང་རྒྱ་ནག་ཁྲོམ་རའི་དཔལ་འབྱོར་དུ་འཕོ་འགྱུར་དང་། ས་ཁུལ་དེར་རྒྱ་ནག་གི་མ་དངུལ་ཕོན་ཆེ་འཛུགས་འགོ་བརྩམས་པ་དང་སྟབས་བསྟུན། རྒྱ་མི་ཕོན་ཆེ་སོག་རིགས་ཀྱི་ས་ཁུལ་ཁག་ལ་གནས་སྤོ་བྱེད་པ་དེ་རྩོད་གཞིར་མི་བརྩི་བའི་རྩོད་གཞི་ཆགས་བསྡད་ཡོད། རྒྱ་མི་རིགས་རྣམས་འབུ་འ་ཇག་ནང་བཞིན་ལྷོ་སོག་པོའི་ས་ཁུལ་ཁག་ལ་གནས་སྤོ་བྱས་པའི་རྐྱེན་གྱིས། ད་ལྟའི་ཆར་ཁུལ་དེའི་མི་འབོར་ནང་གསེས་འབྱེད་སྐབས་རྒྱ་རིགས་ས་ཡ་ ༣༠ དང་སོག་རིགས་ས་ཡ་ ༤ ལས་མེད། ད་ལྟའི་མི་འབོར་བསྡུར་ཚད་ལ་གཞིགས་ན། ཁུལ་དེའི་འབྱུང་འགྱུར་གྱི་མི་འབོར་འཕེལ་ཕྱོགས་ཐོག་ལ་སྔོན་དཔག་བྱེད་དཀའ་བ་ཞིག་མིན།༢
ཤིན་ཅང་རང་སྐྱོང་ས་ཁུལ་ལ་མཚོན་ན་ད་ལྟའི་ཆར་མི་འབོར་ས་ཡ་ ༢༡ ཡོད་པའི་ཁོངས་ནས་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་ ༩ ཡིན་པ་དང་། རྒྱ་མི་རིགས་ས་ཡ་ ༨ ཆགས་ཀྱི་ཡོད། ཁུལ་དེར་ད་དུང་གནས་སྡོད་བྱེད་པའི་མི་རིགས་ཁག་གཞན་ ༤༥ ཡོད་ཀྱང་། དེ་དག་གི་གྲངས་འབོར་རྒྱ་མི་དང་སོག་རིགས་ཀྱི་སྡོམ་འབོར་མཉམ་ཕན་ཚུན་ཞིབ་བསྡུར་བྱེད་སྐབས་ཤིན་ཏུ་ཉུང་ཉུང་ཡིན།
ཕྱི་ལོ་ ༡༩༤༩ སྐབས་ཤིན་ཅང་གི་མི་འབོར་ནང་རྒྱ་རིགས་བརྒྱ་ཆ་ ༧ ལས་མེད་ཀྱང་། ད་ལྟའི་ཆར་བརྒྱ་ཆ་ ༤༠ བརྒལ་ཟིན་པ་དང་། གྲོང་གསེབ་ཀྱི་ས་ཁུལ་ལས་གྲོང་ཁྱེར་ཁག་གི་ནང་འཚོ་བའི་མཐུན་རྐྱེན་བཟང་པའི་རྐྱེན་གྱིས་རྒྱ་རིགས་ཕོན་ཆེ་བ་འདུ་སྡོད་བྱ་ཡུལ་ནི་གྲོང་ཁྱེར་ལྟེ་གནས་ཁག་སྟེ། དཔེར་ན། ཨུ་རུམ་ཆི་དང་། ཧྲི་ཧེ་ཙི། ཀ་ར་མའི་སོགས་ཡིན།
ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཤིན་ཅང་ས་ཁུལ་འདི་ནི་ཕྱི་ལོ་ ༡༩༤༩ ནས་དམག་དཔུང་དང་སྐོར་སྲུང་བ་ཕོན་ཆེ་འགྲེམས་འཇོག་བྱ་ཡུལ་ཞིག་དང་། རྡུལ་ཕྲན་མཚོན་ཆ་ཚོད་ལྟ་དང་། དྲག་པོའི་དམག་སྦྱོང་། ངལ་རྩོལ་བཙོན་ཁང་སོགས་ཀྱི་གཞི་རྟེན་དུ་བེད་སྤྱོད་བྱས་ཡོད། ས་ཁུལ་དེའི་མི་འབོར་ཁྱོན་སྡོམ་ས་ཡ་ ༡༨ ཡོད་པའི་ནང་། ཏུར་ཀི་སྐད་ཤོད་མཁན་གྱི་མི་རིགས་ཁག་མང་པོ་ཡོད་པ་དང་། དེ་དག་གི་ནང་ནས་ཏུར་ཀི་སྐད་ཤོད་མཁན་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་མི་འབོར་ས་ཡ་ ༨ ཡོད་པ་ནི་ཕོན་ཆེ་ཤོས་དེ་ཡིན། ཕྱི་ལོ་ ༡༩༤༩ ལོར་རྒྱ་མི་རིགས་ཀྱིས་ཤིན་ཅང་མི་འབོར་གྱི་བརྒྱ་ཆ་ ༦ ལས་ཟིན་མེད་ཀྱང་། རྒྱ་ནག་སྲིད་གཞུང་གིས་ལག་བསྟར་བྱས་པའི་སྲིད་བྱུས་དེའི་གྲུབ་འབྲས་སུ་ད་ལྟ་རྒྱ་རིགས་བརྒྱ་ཆ་ ༤༠ ཟིན་ཏེ་མི་གྲངས་ས་ཡ་ ༧་༥ ཆགས་བསྡད་ཡོད།༣
མན་ཇུའི་མི་རིགས་ལ་གང་ཞིག་བྱུང་ཟིན་པ་དང་། ནང་སོག་དང་ཤིན་ཅང་མི་རིགས་ལ་གང་ཞིག་འབྱུང་བཞིན་པ་དེར་བོད་མི་རྣམས་བློ་འཚབ་ཡོད། བོད་ནང་རྒྱ་རིགས་སྤོ་བཞུད་བྱེད་བཞིན་པ་དེ་མཚམས་འཇོག་དང་། ཡོ་བསྲང་བྱེད་དགོས་པའི་བོད་མིའི་རེ་འདུན་དེ་ནི། བོད་མི་རྣམས་རང་གི་ས་ཁུལ་ནང་གྲངས་ཉུང་མི་རིགས་ཤིག་ཏུ་བསྒྱུར་བ་དང་། བོད་པའི་རིག་གཞུང་གི་དོན་སྙིང་རྩ་མེད་བཟོས་ཏེ་འགྲེམས་སྟོན་ཁང་ཁོ་ནར་རིག་རྒྱུ་ཡོད་པ་ཞིག་ལ་བསྒྱུར་བའི་འཇིགས་སྣང་ལས་བྱུང་བ་ཞིག་ཡིན། བོད་རིགས་རྣམས་རྒྱ་རིགས་ཕོན་ཆེ་གནས་སྤོ་གཞིས་ཆགས་བྱས་པའི་གྲངས་འབོར་ནང་འཐིམ་འགྲོ་བའི་འཇིགས་སྣང་བྱུང་དོན་ནི། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ཀྱི་མི་འབོར་ལ་གཏོར་སྐྱོན་མཐར་ཟད་བཏང་བ་དེ་ལས་བྱུང་བ་ཞིག་ཡིན། བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས་ནང་གསལ་བཤད་བྱས་དོན།
རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟ་བར་བོད་ནང་རྒྱ་མི་གནས་སྤོ་བྱས་ནས་བོད་འདི་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་ནི་ཧ་ཅང་བརྟན་པོར་བཟུང་ཡོད། བོད་སོགས་རྒྱ་ནག་མངའ་ཁོངས་འོག་ཚུད་པའི་ནུབ་རྒྱུད་ས་ཁུལ་ནང་ས་རྒྱ་ཆེ་ཞིང་མི་འབོར་ཉུང་དྲགས་པར་བསྙད་དེ་རྒྱ་ནག་གཞུང་ནས་ཁུལ་དེ་དག་ནང་རྒྱ་མི་རིགས་གནས་སྤོ་བྱེད་དུ་འཇུག་བཞིན་པར་མ་ཟད། གནས་སྤོ་བྱེད་མཁན་རྒྱ་མི་རིགས་ལ་ཚོང་ལས་དང་། ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་སོགས་དམིགས་བསལ་གོ་སྐབས་སྤྲད་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ལས་ཁེ་ཕན་ཆེ་བར་གྱུར་ཡོད། ད་དུང་དེ་ཁུལ་གྱི་རྒྱ་མི་རིགས་ཚོར་ཕྲུ་གུ་སྐྱེ་འགོག་གི་སྲིད་བྱུས་ཐོག་ལའང་གུ་ཡངས་ཀྱི་དམིགས་བསལ་ལྟ་སྐྱོང་ཡོད་པ་རེད།
བོད་ནང་རྒྱ་ནག་ནས་མི་འབོར་གནས་སྤོ་བྱ་རྒྱུའི་སྲིད་བྱུས་མའོ་ཙེ་ཏུང་ནས་ཐོག་མར་འགོ་འཛུགས་བྱས་ཡོད། ཕྱི་ལོ་ ༡༩༥༢ ལོར་མའོ་ཙེ་ཏུང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་མི་འབོར་ལྡབ་ལྔ་སྤར་དགོས་པའི་གྲོས་འགོ་བཏོན་ཡོད། མའོ་ནས་བརྗོད་པར། བོད་ནི་ས་ཁྱོན་ཆེ་ལ་མི་འབོར་ཉུང་བའི་ས་ཁུལ་ཞིག་ཡིན་པར་བརྟེན། མི་འབོར་ས་ཡ་བཅུ་བརྒལ་བའི་བར་སྤར་ཐབས་བྱེད་དགོས་ཞེས་བརྗོད་ཡོད།
ཕྱི་ལོ་ ༡༩༥༥ ལོར་རྒྱ་ནག་གི་འགོ་ཁྲིད་ལིའུ་ཧྲའོ་ཆིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར། བོད་ནི་མི་འབོར་ཉུང་ཞིང་ས་རྒྱ་ཆེ་པོ་ཡོད་པར་བརྟེན། མི་འབོར་ཆེ་བའི་རྒྱ་ནག་ནས་རྒྱ་རིགས་ཕོན་ཆེ་བོད་ནང་གནས་སྤོ་བྱེད་ཐུབ་ཀྱི་རེད་ཅེས་ཞུས་ཡོད།
གོང་གསལ་གཏམ་བཤད་བྱས་ནས་ལོ་ལྔ་ཕྱིན་པའི་རྗེས་ཀྱི་ཕྱི་ལོ་ ༡༩༦༠ ལོར། སྲིད་བློན་ཀྲོའུ་ཨིན་ལེས། རྒྱ་ནག་མི་འབོར་ཆེ་ལ། དཔལ་འབྱོར་ཡར་རྒྱས་ལྡན་པ་དང་། རིག་གཞུང་སྔོན་ཐོན་ལྡན་པ་ཡོད། འོན་ཀྱང་རྒྱ་ནག་ནང་ནི་སྤུན་ཟླ་མི་རིགས་གཞན་གྱི་ས་ཁུལ་ལྟར་ས་ཞིང་འདེབས་ལས་བྱ་ཡུལ་གྱི་ས་སྟོང་ལྷག་མེད་ལ། ས་འོག་གི་རང་བྱུང་གཏེར་ཁའང་ཕུན་སུམ་ཚོགས་པོ་མེད་ཅེས་བརྗོད་ཡོད། ལོ་དེའི་ནང་རྒྱ་གཞུང་གི་ནང་ཁུལ་ཡིག་ཆ་ཞིག་ནང་། བོད་(བོད་དབུས་ཁུལ་ལ་གོ་དགོས་)ཀྱི་མི་འབོར་འདི་ས་ཡ་གཅིག་དང་གྲངས་ཆུང་གཉིས་ནས་ས་ཡ་གསུམ་ལ་སྤར་དགོས་པ་དང་། མི་འབོར་འཕེལ་རྒྱས་ཀྱི་གྲུབ་ཆའི་ནང་རྒྱ་ནག་ནས་གནས་སྤོ་བྱེད་མཁན་ཚུད་པ་བྱེད་དགོས་ཞེས་ལམ་སྟོན་བྱས་ཡོད།
ཕྱི་ལོ་ ༡༩༨༥ ཕྱི་ཟླ་ ༢ པར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་པས་བོད་ཙམ་མ་ཡིན་པར་མི་འབོར་ཉུང་བའི་རྒྱ་ནག་གི་མཐའ་མཚམས་ས་ཁུལ་ཁག་ནང་སྐྱེ་དངོས་དང་། མི་འབོར་གྱི་བསྡུར་ཚད་ཆ་མི་སྙོམས་པའི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུ་ཡིན་པ་དང་། དེའི་ཐད་ས་གནས་མི་མང་ནས་རྒྱ་རིགས་གཞིས་ཆགས་བྱེད་མཁན་ཚོར་དགའ་བསུ་ཞུ་དགོས་པར་མ་ཟད། ལོ་ ༣༠ ཚུན་ས་ཁུལ་དེ་དག་གི་མི་འབོར་ས་ཡ་ ༦༠ ཟིན་པ་བྱ་རྒྱུ་འདི་ནི་རྒྱ་ནག་དབུས་གཞུང་གི་དམིགས་ཡུལ་ཡིན་ཞེས་གསལ་བསྒྲགས་བྱས་པ་དང་། ད་དུང་གསལ་བསྒྲགས་དེའི་ནང་། གོང་གསལ་གྱི་ཚོད་དཔག་འདི་གཞི་རྒྱ་ཆུང་བའི་ཐོག་མའི་འཆར་འགོད་ཅིག་ཡིན་པ་དང་། ལོ་ ༣༠ ནང་ནུབ་རྒྱུད་ས་ཁུལ་ཁག་ནང་མི་འབོར་ས་ཡ་ ༡༠༠ ལས་མི་ཉུང་བ་ཞིག་ཏན་ཏན་འཕར་སྲིད་པ་རེད་ཅེས་བརྗོད་ཡོད།
ལོ་གཉིས་སོང་རྗེས་ཀྱི་ཕྱི་ལོ་ ༡༩༨༧ ཟླ་ ༦ ནང་ཏིང་ཞའོ་ཕིང་གིས་རྒྱ་ནག་གཞུང་ནས་བོད་ནང་རྒྱ་རིགས་གནས་སྤོ་བྱེད་རྒྱུར་སྐུལ་འདེད་གཏོང་བའི་གནས་ཚུལ་ངོས་ལེན་བྱས་ཡོད། ཟླ་བ་དེའི་ནང་ཁོང་ནས་ཨ་རིའི་སྲིད་འཛིན་ཟུར་པ་འཇི་མི་ཀར་ཌར་དང་མཇལ་འཕྲད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ནང་རང་བྱུང་ཐོན་སྐྱེད་འཕེལ་རྒྱས་གཏོང་ཆེད་ད་ཡོད་མི་འབོར་ས་ཡ་གཉིས་ནི་ཧ་ཅང་ཉུང་དྲགས་པ་དང་། བོད་ནང་རྒྱ་རིགས་གནས་སྤོ་བྱས་ཏེ་རོགས་སྐྱོར་བྱེད་མཁན་དགོས་ཞེས་བརྗོད་ཡོད།
ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༡༢ ཉིན་ཟི་ཁྲོན་ཞིང་ཆེན་ནང་རྒྱ་ནག་གཞུང་གི་ ” ལྔ་གཅིག་གཉིས་ ” ཞེས་པའི་གསང་བའི་ཚོགས་འདུ་སྐོང་ཚོགས་བྱས་པའི་ཐོག བོད་ཀྱི་དཀའ་རྙོག་གཙང་སེལ་ཡོང་བའི་ཆེད་དུ་བོད་དུ་ཤར་ཏུར་ཀི་སི་ཐན་དང་། ནང་སོག་ལྟར་རྒྱའི་མི་འབོར་གྲངས་མང་གི་བསྡུར་ཚད་ཀྱི་ཐོག་ནས་འགུལ་བསྐྱོད་རྒྱག་མི་ཐུབ་པ་བཟོ་རྒྱུའི་ལམ་སྟོན་བྱས་ཡོད། དཔེ་མཚོན་དེ་དག་གིས་བོད་ནང་རྒྱ་མི་ཤུགས་ཆེ་གནས་སྤོ་བྱེད་བཞིན་ཡོད་པ་ནི་རྒྱ་ནག་དབུས་གཞུང་གིས་བོད་དུ་དངོས་སུ་ལག་བསྟར་བྱས་པའི་་སྲིད་བྱུས་དང་། གལ་ཆེའི་བྱ་ཐབས་ཀྱི་གཏན་འབེབས་ཤིག་ཡིན་པ་གསལ་པོ་མཐོང་ཐུབ།
ཕྱི་ལོ་ ༡༩༥༩ ལོའི་གོང་བོད་གཞུང་དགའ་ལྡན་ཕོ་བྲང་ནས་བོད་ཀྱི་མི་འབོར་ནི་ས་ཡ་དྲུག་ཡོད་པར་ངོས་འཛིན་གནང་གི་ཡོད་པ་དེའི་ནང་ཁམས་དང་། ཨ་མདོ། དབུས་གཙང་བཅས་བོད་ཆོལ་ཁ་གསུམ་ག་ཚུད་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་ནས་མི་འབོར་སྡོམ་རྩིས་ཀྱི་ཡིག་ཆ་བཏོན་པ་ཁག་ལ་ཕྱོགས་སྡོམ་བྱེད་སྐབས། བོད་རང་སྐྱོང་ལྗོངས་ཞེས་མིང་བཏགས་པའི་ས་ཁུལ་ནང་མི་འབོར་ས་ཡ་གཅིག་དང་གྲངས་ཆུང་གསུམ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མ་ཚུད་པའི་བོད་མདོ་ཁམས་གཉིས་ནང་མི་འབོར་ས་ཡ་ལྔ་ལ་ཉེ་བ་ཡོད་པ་བཅས་བོད་ཁྱོན་ཡོངས་ལ་མི་འབོར་ས་ཡ་དྲུག་ལྷག་ཙམ་ཡོད་པ་གསལ་འདུག་ཀྱང་། ཕྱི་ལོ་ ༡༩༨༨ ལོར་པེ་ཅིང་བསྐྱར་ཞིབ་ཅེས་པའི་རྒྱ་ནག་གི་གཞུང་འབྲེལ་དུས་དེབ་ནང་། བོད་མི་ས་ཡ་དྲུག་ཡོད་པ་ནས་ས་ཡ་གཉིས་བོད་རང་སྐྱོང་ལྗོངས་དང་། ས་ཡ་བཞི་རང་སྐྱོང་ལྗོངས་མ་ཡིན་པའི་བོད་ཀྱི་ས་ཁུལ་ཁག་ནང་གནས་སྡོད་བྱེད་ཀྱི་ཡོད་ཅེས་འཁོད་འདུག
རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༩༠ ནས་ ༡༩༩༥ བར་མི་འབོར་གྲངས་ཐོ་བཏོན་པ་རྣམས་ལ་ཕྱོགས་སྡོམ་བྱེད་སྐབས། བོད་ཁྱོན་ཡོངས་ཀྱི་བོད་མིའི་གྲངས་འབོར་ ༤༩༠༦༥༠༠ མ་གཏོགས་མེད་པའི་སྡོམ་གྲངས་ཐོན་གྱི་འདུག གྲངས་ཚད་འདི་དང་། སྔོན་ལ་བཏོན་པའི་གྲངས་ཐོའི་བར་ལ་ཧེ་བག་ཆེན་པོ་ཡོད་པ་ནི་ཡ་མཚན་སྐྱེ་དགོས་པའི་གནས་ཚུལ་ཞིག་ཡིན། ཕྱི་ལོ་ ༡༩༥༩ ལོ་ནས་ལོ་རབས་དགུ་བཅུ་པ་བར་མི་འབོར་དེ་ཙམ་ཉུང་དུ་ཕྱིན་ཡོད་ཅེས་བརྗོད་ན་དེ་ལ་རྒྱུ་མཚན་ལྡན་ཡོད། གང་ཡིན་ཞེ་ན། བོད་མི་འབུམ་ ༡༢ ལྷག་ཙམ་རྒྱ་ནག་གི་དབང་བསྒྱུར་འོག་འདས་གྲོངས་སུ་ཕྱིན་པ་མ་ཟད། འབུམ་གཅིག་ཙམ་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད། དེ་མིན་ཕྱི་ལོ་ ༡༩༨༨ ལོར་པེ་ཅིང་བསྐྱར་ཞིབ་ཅེས་པའི་དུས་དེབ་ནང་བོད་མི་ས་ཡ་དྲུག་ཡོད་སྐོར་བརྗོད་པ་ནས་བཟུང་ལོ་རབས་དགུ་བཅུ་པའི་བར་བོད་མའི་མི་འབོར་ཕོན་ཆེ་འདི་ཙམ་ཉུང་དུ་འགྲོ་མི་སྲིད་པ་ཞིག་རེད།
བོད་ནང་རྒྱ་རིགས་མི་འབོར་ཇི་ཙམ་གནས་སྡོད་བྱེད་མིན་ཐད་ཁུངས་བཙན་གྱི་གྲངས་འབོར་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་དཀའ་ངལ་ཅན་ཞིག་ཡིན། དེར་རྒྱུ་རྐྱེན་མང་པོ་ཞིག་ལྡན་ཡོད་པ་སྟེ། དེང་སྐབས་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ནས་བོད་ནང་རྒྱ་མི་གནས་སྤོ་བྱེད་བཞིན་པར་ངོ་རྒོལ་ཆེན་པོ་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་ལས་གཡོལ་ཆེད། བོད་ནང་རྒྱ་རིགས་མི་འབོར་གྱི་གྲངས་ཚད་ཉུང་དུ་གཏོང་གི་ཡོད་པར་ཞིབ་འཇུག་པ་མང་པོས་བསམ་ཚུལ་བཏོན་ཡོད། ལོ་རབས་བརྒྱད་ཅུ་པའི་འགོ་སྟོད་དུ། བོད་ནང་རྒྱ་རིགས་མི་འབོར་ས་ཡ་བདུན་དང་ཕྱེད་ཀ་ཙམ་ཡོད་པ་དེ་དག་ཕལ་ཆེ་བ་ཨ་མདོ་དང་ཁམསཀྱི་བོད་མི་གནས་ཡུལ་ས་ཁུལ་ཁག་ཏུ་ཡོད། དེ་ནས་ད་བར་རྒྱ་རིགས་ཧ་ཅང་མང་དུ་ཕྱིན་ཡོད་པ་ནི་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་མཁན་ཚོས་མངོན་གསལ་དོད་པོར་མཐོང་ཐུབ་པའི་གནས་ཚུལ་ཆགས་ཡོད་པ་ཡིན། འོན་ཀྱང་རྒྱ་གཞུང་ནས་ཕྱི་ལོ་ ༡༩༩༠ ནས་ ༡༩༩༥ བར་བཏོན་པའི་གྲངས་འབོར་ལ་ཞིབ་འཇུག་བྱེད་སྐབས། བོད་ཁྱོན་ཡོངས་ནང་རྒྱ་རིགས་དང་། གྲངས་ཉུང་མི་རིགས་གཞན་གྱི་མི་འབོར་གྲངས་ ༥༢༨༠༥༠༠ ལས་མེད་པའི་གྲངས་ཐོ་ཕྱིར་བསྒྲགས་བྱེད་ཀྱི་ཡོད།
གྲངས་འབོར་དེ་དག་ལ་ཞིབ་འཇུག་བྱེད་སྐབས། བོད་ནང་གི་མི་འབོར་ཁྱོན་བསྡོམས་ ༡༠༡༠༢༠༠༠ དང་། དེའི་ནང་བོད་མིའི་གྲངས་འབོར་ ༤༨༢༡༥༠༠ (བརྒྱ་ཆ་ ༤༨) ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་འབོར་གྲངས་ ༢༣༦༠༠༠༠ ཡོད་པའི་ནང་བོད་མིའི་གྲངས་འབོར་ ༢༢༧༥༠༠༠ (བརྒྱ་ཆ་ ༩༤་༤) ཡོད་པ་འཁོད་ཡོད། སྤྱིར་ན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གནམ་གཤིས་གྲང་ངར་ཆེ་ཞིང་། འཚོ་བའི་ཆ་རྐྱེན་ཞན་པོ་ཡོད་པར་བརྟེན། རྒྱ་མི་རིགས་གཏན་སྡོད་བྱེད་མཁན་བོད་ཀྱི་ས་ཁུལ་གཞན་ལྟར་མེད་པའི་ངོས་འཛིན་བྱེད་ཆོག་ཀྱང་། ས་གནས་བོད་མི་དང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚང་མས་ཁ་གཅིག་གྲགས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་གཞུང་གིས་བཏོན་པའི་རྒྱ་མི་རིགས་གཏན་སྡོད་ཀྱི་གྲངས་འབོར་ལས་ལྡབ་མང་པོས་མང་བ་ཡོད་པ་ནི་ཧ་ཅང་མངོན་གསལ་དོད་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་བོད་ཐོག་ཞིབ་འཇུག་མཐུན་ཚོགས་ཞེས་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གྱི་རྒྱ་གཞུང་ལས་ཁུངས་ཡོད་ས་ཚང་མ་དང་། རྫོང་ཁག་གི་རྒྱ་གཞུང་ལས་ཁུངས་ཡོད་ས་མང་ཆེ་བར་རྒྱ་མི་འབོར་ཕོན་ཆེ་ཡོད་པ་གཅིག་པུའི་གནས་ཚུལ་ལ་བལྟས་ན་ཡང་། བོད་རང་སྐྱོང་ལྗོངས་ནང་རྒྱ་རིགས་མི་འབོར་གྱི་གྲངས་འབོར་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་མ་ཡིན་པའིབོད་ཀྱི་ས་ཁུལ་ཁག་གི་རྒྱ་མི་གནས་སྡོད་བྱེད་མཁན་གྱི་གྲངས་འབོར་དང་ཧ་ལམ་མཚུངས་པ་ཡོད་ཅེས་བརྗོད་ཡོད།
ལོ་རབས་བརྒྱད་ཅུ་པའི་ནང་རྒྱ་ནག་གཞུང་ནས་དབུལ་སྐྱོར་ཕྱུག་བསྒྱུར་གྱི་སྲིད་བྱུས་ཟེར་བ་བཏོན་རྗེས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱའི་མི་འབོར་སྤོ་བཞུད་བྱ་རྒྱུ་འགོ་བཙུགས་ཡོད། ཕྱི་ལོ་ ༡༩༨༤ ཕྱི་ཟླ་ ༥ ནང་པེ་ཅིང་རླུང་འཕྲིན་གྱིས་རྒྱང་བསྲིངས་བྱས་པའི་གནས་ཚུལ་ཞིག་ནང་། བོད་རང་སྐྱོང་ལྗོངས་ཀྱི་ཨར་ལས་འཛུགས་སྐྲུན་ལས་དོན་ལ་རོགས་སྐྱོར་བྱེད་མཁན་གདོང་ལེན་རུ་ཁག་ཁོངས་ལས་མི་ཁྲི་དྲུག་ཉིན་རེ་བཞིན་བོད་ནང་འབྱོར་གྱི་ཡོད་པ་དང་། ཁོང་ཚོས་རྨང་གཞིའི་དགོས་ཆས་འཛུགས་སྐྲུན་གྱི་ལས་དོན་འགོ་འཛུགས་ཟིན་ཡོད་པ་དང་། རིམ་བཞིན་གློག་ཁང་དང་། སློབ་གྲྭ། ཟ་ཁང་། རིག་གཞུང་གི་བསྟི་གནས། བཟོ་གྲྭ་གསར་རྒྱག་སོགས་ཀྱི་ལས་རིགས་ནང་ཞུགས་རྒྱུ་རེད་ཅེས་བརྗོད་ཡོད། ཡང་ཕྱི་ལོ་ ༡༩༨༥ ལོའི་དབྱར་དུས་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་རྒྱ་རིགས་བཟོ་པ་ཁྲི་དྲུག་སྐོར་བོད་རང་སྐྱོང་ལྗོངས་ནང་འབྱོར་ཡོད་པ་དང་། ཕྱི་ལོ་ ༡༩༨༥ ལོར་ལྷ་ས་གཅིག་པུར་དྲག་པོའི་མི་སྣ་ཕུད་པའི་རྒྱ་མི་གྲངས་ཁྲི་ལྔ་ནས་དྲུག་བར་ཡོད་པ་དེ་དག་ལོ་གསུམ་ནང་ལྡབ་གཅིག་ཙམ་འཕར་ཡོད་པ་རེད།
ཏིང་ཞའོ་ཕིང་གིས་བརྗོད་གསལ། རྒྱ་རིགས་བློ་མཐུན་ཚོས་བོད་ནང་ཚན་རིག་དང་། འཕྲུལ་ལས་སློབ་སྦྱོང་ཐོག་རོགས་རམ་བྱེད་པར་བསྐྱོད་དགོས་པའི་སྐུལ་སློང་བྱས་པར་བརྟེན་ནས། ལོ་རབས་དགུ་བཅུ་པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་མི་གནས་སྤོ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༡ ནང་པེ་ཅིང་བསྐྱར་ཞིབ་ཅེས་པའི་དུས་དེབ་ནང་། རྒྱ་རིགས་ལས་མི་འབུམ་གསུམ་བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུའི་གྲ་སྒྲིག་ཡོད་སྐོར་འཁོད་ཡོད། ལྷོ་ཁ་གཅིག་པུའི་ནང་ཕྱི་ལོ་ ༡༩༨༧ ནས་༡༩༩༢ བར་རྒྱ་རིགས་ ༢༨༠༠༠ ཙམ་འབྱོར་ཡོད་པ་དང་། ནག་ཆུར་ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ བར་རྒྱ་རིགས་ ༢༧༠༠༠ འབྱོར་བ། དེ་བཞིན་མངའ་རིས་ནང་ཕྱི་ལོ་ ༡༩༨༦ ནས་ ༡༩༩༢ བར་རྒྱ་རིགས་ ༤༣༨༦༠ འབྱོར་ཡོད།
བོད་རང་སྐྱོང་ལྗོངས་ནང་འཛུགས་སྐྲུན་གྱི་ལས་གཞི་མང་པོ་འགོ་འཛུགས་བྱེད་སྐབས་རྒྱ་རིགས་ཚོང་བ་ཚོར་ལྷ་སར་ ” གསེར་གྱི་གླིང་ ” ཞེས་བརྗོད་སྲོལ་ཆགས་པ་ལྟར། ཁོང་ཚོའི་ནང་ནས་རང་ཡུལ་དུ་ཕྱིར་ལོག་བྱེད་འདོད་ཡོད་མཁན་ཉུང་ཉུང་ཡིན། དེ་སྐབས་ཀྱི་གནས་སྟངས་མཚོན་པའི་སྒྲུང་ཞིག་ཤོད་རྒྱུ་ཡོད་པ་སྟེ། རྒྱ་རིགས་ལས་བྱེད་གཅིག་གིས་སྒེར་ཚོང་གི་ལས་ཀ་འགོ་བཙུགས་ཏེ་ཁེ་བཟང་ཆེན་པོ་བྱུང་བར་བརྟེན། ཁོ་པས་རང་གི་བཟའ་ཟླ་རྒྱ་ནག་ཏུ་ཡོད་པའི་གཉེན་ཚན་ཚོར་བོད་ནང་དཔལ་འབྱོར་གྱི་ཁེ་ཕན་ཧ་ཅང་ལེགས་པོ་ཡོད་ལུགས་ཤོད་པར་བཏང་འདུག བཟའ་ཟླ་དེས་རྒྱ་ནག་ནས་དགའ་ཉེ་བློ་དཀར་གྲངས་༣༠ ཙམ་ཁྲིད་དེ་བོད་ནང་སླེབས་ཡོད། སྐབས་དེའི་བོད་རང་སྐྱོང་ལྗོངས་དམར་པོའི་དྲུང་ཆེ་གཞོན་པ་མའོ་རུའུ་པའེས། བོད་རང་སྐྱོང་ལྗོངས་ནས་རྒྱ་རིགས་དམག་མི་མ་ཡིན་པ་གྲངས་འབོར་ས་ཡ་གཅིག་ཙམ་ཡོད་སྐོར་བརྗོད་འདུག
རྒྱ་རིགས་གནས་སྡོད་བྱེད་ས་གཙོ་བོ་ནི་ཐོན་ཁུངས་བཟང་བའི་ས་ཆ་ཁམས་དང་། ཨ་མདོའི་ནང་ཡིན། གོང་གསལ་ཕྱི་ལོ་ ༡༩༩༠ ནས་ ༡༩༩༥ བར་བཏོན་པའི་རྒྱ་གཞུང་གི་མི་འབོར་གྲངས་ཚད་རྣམས་ལ་ཕྱོགས་སྡོམ་བྱེད་སྐབས། བོད་རང་སྐྱོང་ལྗོངས་ཟེར་བ་མ་ཡིན་པའི་བོད་ཀྱི་ས་ཁུལ་ཁག་གི་མི་འབོར་ ༧༧༤༢༠༠༠ ཡོད་པའི་ནང་ནས་བོད་རིགས་གྲངས་འབོར་ ༢༥༤༦༥༠༠ (བརྒྱ་ཆ་ ༣༢།༨༩) ཟིན་གྱི་འདུག་པ་གཤམ་གསལ་ལྟར་དབྱེ་པ་ཕྱེས་འདུག
མཚོ་སྔོན་ཞིང་ཆེན་གྱི་མི་འབོར་ ༤༧༤༩༠༠༠ ནང་བོད་མི་གྲངས་འབོར་ ༩༧༢༦༠༠ (བརྒྱ་ཆ་ ༢༠།༤༨) དང་། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་མི་འབོར་ ༨༣༧༠༠༠ ནང་བོད་མིའི་གྲངས་འབོར་ ༣༥༧༧༠༠ (བརྒྱ་ཆ་ ༤༢།༧༤) དང་། ཟི་ཁྲོན་ཞིང་ཆེན་གི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྨི་ལི་བོད་རིགས་རང་སྐྱོང་རྫོང་བཅས་ཀྱི་མི་འབོར་ ༡༨༢༠༠༠༠ ནང་བོད་མིའི་གྲངས་འབོར་ ༡༡༠༥༠༠༠ (བརྒྱ་ཆ་ ༦༠།༧༡) ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་འབོར་ ༣༣༦༠༠༠ ནང་བོད་མི་འི་གྲངས་འབོར་ ༡༡༢༠༠ (བརྒྱ་ཆ་ ༣༣།༡༠) བཅས་རེད།
ས་ཁུལ་དེ་དག་ནང་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་དམག་དཔུང་ནས་བཙན་འཛུལ་བྱས་ཏེ་རིང་པོར་མ་སོང་བར་རྒྱ་རིགས་གཞིས་ཆགས་བྱེད་འགོ་བཙུགས་ཡོད། དང་ཐོག་རྒྱ་རིགས་ལས་བྱེད་པ་དང་། ཁོང་ཚོའི་ནང་མི་ཕོན་ཆེ་སླེབས་པ་དང་། རིམ་བཞིན་ལས་བྱེད་མིན་པའི་རྒྱ་རིགས་འབོར་ཆེན་ཞིག་གཞིས་ཆགས་སུ་འབྱོར་ཡོད། ཕྱི་ལོ་ ༡༩༥༥ དང་། ༡༩༥༩།༡༩༦༥ བཅས་ལ་ཨ་མདོ་གཅིག་པུའི་ནང་རྒྱ་རིགས་གནས་སྤོ་བྱེད་མཁན་ ༡༧༥༠༠༠ སླེབས་ཡོད།
ཡང་། ཕྱི་ལོ་ ༡༩༦༢ ནས་༡༩༧༦ བར་རྒྱ་ནག་གཞུང་གིས་རྒྱ་བོད་བཙོན་པ་ཤིན་ཏུ་མང་པོ་ཨ་མདོ་ཁུལ་དུ་བཏང་བར་བརྟེན། ཨ་མདོར་ ” རྒྱ་ནག་གི་གུ་ལག་(ངལ་རྩོལ་སྒྱུར་བཀོད་ཀྱི་གསོག་སྒར།) ” ཅེས་མིང་ཐོགས་ཡོད། འགྲོ་བ་མིའི་ཐོབ་ཐང་ལས་དོན་གནང་མཁན་རྒྱ་རིགས་པ་ཝུའུ་ཧུང་ཏ་ནས། ཨ་མདོའི་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཙོན་པ་ས་ཡ་གཅིག་ལྷག་ཙམ་བཏང་སྐོར་བྲིས་ཡོད། བཙོན་པ་དེ་ཚོ་མང་ཆེ་བ་རྗེས་སུ་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་བཅུག་མེད། ཁོང་ཚོ་གློད་བཀྲོལ་རྗེས་བཙོན་ཁང་གི་དབང་འཛིན་འོག་ས་གནས་རང་དུ་ཡོད་པའི་ཞིང་ར་ ༢༦ ནང་ལས་ཀ་བཀོད་སྒྲིག་བྱས་ཡོད། ཞིང་ར་དེ་ཚོར་ལས་མིའི་གྲངས་འབོར་ཇི་ཡོད་ཞིབ་ཕྲ་ཤེས་ཐབས་མེད་ཀྱང་། ཞིང་ར་ཁ་ཤས་ནང་ལས་མི་འབུམ་རེ་ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད།
ཁམས་ཀྱི་ས་ཁུལ་ནང་ཐོག་མར་རྒྱ་མི་གཞིས་ཆགས་འགོ་འཛུགས་ནི་ཕྱི་ལོ་ ༡༩༦༢ ལོར་བྱས་ཤིང་། ཉེ་འཁོར་གྱི་རྒྱ་ནག་ཞིང་ཆེན་ཁག་ནས་ལག་རྩལ་པ་དང་། ཨར་ལས་པ། བཟོ་པ་སོགས་ཡིན་ཚུལ་ལ་བསྙད་དེ་རྒྱ་རིགས་ཕོན་ཆེ་འབྱོར་ནས་ཤིང་གཅོད་ལས་ཀའི་ནང་ཞུགས་ཡོད། རྒྱ་ནག་གཞུང་ནས་བོད་ནང་རྒྱ་མི་ཕོན་ཆེ་གནས་སྤོ་བྱེད་པ་འདི་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་ཆེད་དུ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་། བོད་མི་མང་ནས་དེའི་དམིགས་ཡུལ་བོད་འདི་རྒྱ་ཡུལ་ལ་བསྒྱུར་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
བོད་ནང་རྒྱ་མི་གཅིག་གི་འགྲོ་སོང་དེ་རྒྱ་ནག་ནང་རྒྱ་མི་བཞིའི་འགྲོ་སོང་ཡིན། ཁོང་ཚོ་གསོ་སྐྱོང་ཆེད་བོད་ཀྱིས་འགྲོ་གྲོན་གཏོང་དགོས་དོན་གང་ཡིན་ནམ། བོད་ནང་ཕན་ཐོགས་མེད་པའི་རྒྱ་མི་མང་པོ་གཏོང་བའི་སྲིད་བྱུས་དེས་བོད་ལ་གནོད་སྐྱོན་བཏང་ཡོད། ཐོག་མར་རྒྱ་མི་སྟོང་ཕྲག་ཁ་ཤས་གཏོང་འགོ་ཚུགས་པ་ནས་ད་ཆ་ལྡབ་མང་པོ་ཡོང་གི་ཡོད་ཅེས་གསུངས་ཡོད།
བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་རྒྱ་ནག་གཅིག་གྱུར་གྱི་དེང་དུས་ཁྲོམ་རའི་ལམ་ལུགས་སུ་བསྒྱུར་རྒྱུའི་ལས་དོན་ཇེ་མགྱོགས་སུ་གཏོང་དགོས་པའི་སྲིེད་བྱུས་གཏན་འབེབས་བྱས་ཡོད། སྲིད་བྱུས་འདིའི་ཐབས་བྱུས་གཙོ་བོ་ནི་རྒྱ་ནག་ནས་བོད་ནང་མ་རྩ་འཇོག་རྒྱུ་དང་། བཟོ་ཚོང་བ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་ནང་རྒྱ་ནག་གི་མ་རྩ་འཇོག་རྒྱུའི་ཆེད་སྒོ་མོ་རྒྱ་ཆེར་དབྱེ་རྒྱུ་དེ་ཡིན།
ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་གི་དབུལ་ཕོངས་དང་། ལས་ཤོར་ལས་བཟོ་པ་འབོར་ཆེན་བོད་ནང་ལས་འཚོའི་བཀོད་སྒྲིག་ཡོང་ཐབས་སུ་རྒྱ་ནག་གཞུང་ནས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ལས་གཞི་ཁ་ཤས་གཏན་འབེབས་བྱས་ཡོད། དེའི་ནང་གི་གཅིག་ནི། ནུབ་རྒྱུད་དང་དབུས་ཁུལ་ཡར་རྒྱས་ཀྱི་ལས་འཆར་ཟེར་བ་དེ་ཡིན་ཞིང་། དེའི་ནང་མདོ་སྨད་ཏུའུ་ལན་ས་ཁུལ་དུ་ཞིས་ལས་འཛུགས་སྐྲུན་བྱས་ཏེ་རྒྱ་རིགས་ ༥༨༠༠༠ གནས་སྤོ་བྱ་རྒྱུ་དེ་ཡིན། བོད་མི་མང་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ངོ་རྒོལ་ཤུགས་ཆེ་བྱས་པར་བརྟེན། ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་དངུལ་ཁང་ནས་ལས་འཆར་དེར་ཨ་སྒོར་ས་ཡ་ ༤༠ བུ་ལོན་གཏོང་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་རང་ཁུངས་མ་དངུལ་བཏང་སྟེ་ལས་འཆར་མུ་མཐུད་ལག་བསྟར་བྱ་རྒྱུའི་གཏམ་བཤད་བྱས་ཡོད།
བོད་ནང་རྒྱ་མི་གནས་སྤོ་བྱེད་རྒྱུའི་ནང་བོད་དང་རྒྱ་ནག་གཉིས་བར་གཅིག་གྱུར་གྱི་དཔལ་འབྱོར་སྒྱུར་བཅོས་ཀྱི་སྲིད་བྱུས་ཚུད་ཡོད། རྒྱ་ནག་གཞུང་ནས་བོད་ནང་རྒྱ་མི་གནས་སྤོ་བྱེད་དུ་བཅུག་པ་འདི་ནི་བོད་ཀྱི་ཆབ་སྲིད་དང་། སྤྱི་ཚོགས། ཆོས་དང་རིགས་གཞུང་སོགས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོབའི་སྲིད་བྱུས་ཤིག་ཡིན་ལ། འདིས་བོད་མིའི་འཚོ་བའི་མདུན་ལམ་ལ་གནོད་སྐྱོན་ཚབས་ཆེ་བཟོ་བཞིན་ཡོད། དེང་སྐབས་བོད་ནང་དཔལ་འབྱོར་དང་། སྤྱི་ཚོགས་ལས་དོན་གྱི་གོ་སྐབས་མང་ཆེ་བ་རྒྱ་མི་རིགས་གཞིས་ཆགས་བྱེད་མཁན་ཚོར་ཐོབ་ཀྱི་ཡོད། ཕྱི་ལོ་ ༡༩༩༢ ལོར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མྱོང་བ་ཞིག་གིས་བོད་ནང་མངོན་གསལ་མེད་པའི་ཐོག་ནས་ཞིབ་འཇུག་བྱས་པའི་ནང་། གཤམ་གསལ་གྱི་གནས་ཚུལ་ཁག་ཤེས་རྟོགས་བྱུང་ཡོད་པ་སྟེ། ལྷ་སའི་བར་སྐོར་ནང་མ་རྩིས་པའི་སྲང་ལམ་ཁག་ཏུ་ཚོང་ཁང་དང་། ཟ་ཁང་སོགས་གྲངས་ ༡༢༢༢༧ ཡོད་པའི་ནང་ནས་རྒྱ་མིས་གཉེར་སྐྱོང་བྱས་པའི་ཚོང་ཁང་དང་ཟ་ཁང་གྲངས་༡༣༣ ཡོད་པ་དང་། བོད་མིས་གཉེར་བ་གྲངས་ ༣༠༠ ཙམ་ལས་མེད། ཁམས་ཚ་བ་དཔའ་ཤོད་དུ་རྒྱ་མིས་གཉེར་སྐྱོང་བྱས་པའི་ཟ་ཁང་དང་ཚོང་ཁང་གྲངས་ ༡༣༣ ཡོད་པ་དང་། བོད་མིས་གཉེར་བ་གྲངས་ ༡༥། ཆབ་མདོར་རྒྱ་མིས་བདག་གཉེར་བྱས་པའི་ཚོང་ཁང་དང་ཟ་ཁང་གྲངས་་༧༤༤༨ ཡོད་པ་དང་། བོད་མིས་གཉེར་སྐྱོང་བྱས་པ་ ༩༢། སྤོ་བོ་སྤྲ་རྨོག་ནས་རྒྱ་རིགས་ཀྱིས་བདག་ཏུ་བཟུང་བའི་ཚོང་ཁང་དང་ཟ་ཁང་སོགས་གྲངས་ ༢༢༩ ཡོད་པ་དང་། བོད་མིས་བདག་གཉེར་བྱས་པ་གྲངས་ ༣ འདུག་ཅེས་བརྗོད་ཡོད།
ཨ་མདོའི་གྲོང་ཁྱེར་ཁག་ནང་དེ་བས་གནས་སྟངས་སྡུག་པ་ཡོད། ཕྱི་རྒྱལ་གསར་འགོད་ཞིག་ཨ་མདོའི་གྲོང་ཁྱེར་ཁག་ཏུ་ལྟ་སྐོར་བསྐྱོད་རྗེས་བོད་མི་ནི་མཐོང་དཀོནཔའི་གྲངས་ཉུང་མི་རིགས་ཤིག་ལ་གྱུར་ཡོད་སྐོར་བརྗོད་འདུག
མི་འབོར་སྤོ་བཞུད་ཀྱི་སྲིད་བྱུས་དེས་བོད་ནང་འཛུགས་སྐྲུན་གྱི་ལས་དོན་ཇི་འདྲ་ཞིག་ལག་བསྟར་བྱེད་པའི་ཐོག་ཏུའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། རྒྱ་ནག་གཞུང་ནས་དགོས་དངུལ་གཏོང་བ་དང་། དེ་བཞིན་རྨང་གཞིའི་འཛུགས་སྐྲུན་བྱེད་པ་བཅས་ཀྱིས་བོད་ནང་ངོ་བོ་ཐ་དད་དང་། དབང་ཤུགས་ལྡན་པའི་རྒྱ་མིའི་སྤྱི་ཚོགས་བསྐྲུན་རྒྱུར་དམིགས་པ་ཞིག་ཡིན་ཞིང་། དེ་ཡང་བོད་རིགས་མི་མང་ལ་དབྱེ་འབྱེད་བྱས་ཏེ་གྲོང་ཁྱེར་དང་། འཛིན་སྐྱོང་། ཚོང་གཉེར། དམག་དོན་བཅས་རྒྱ་མིའི་ཁེ་ཕན་གཙོ་བཟུང་གི་ལས་དོན་ཐད་འབད་འབུངས་བྱེད་ཀྱི་ཡོད་པ་རེད།༤
ཉེ་བའི་ལོ་རྒྱུས་ནང་། བོད་དུ་རྒྱ་རིགས་རིམ་བཞིན་གཞིས་ཆགས་བྱས་པའི་རྒྱབ་ལྗོངས་ལ་ཁ་གཏད་གཅོག་ཆེད། བོད་མི་ཚོས་བོད་ནང་རྒྱ་ནག་གི་མི་འབོར་སྤོ་བཞུད་མཚམས་འཇོག་དང་། ཡོ་བསྲང་བྱེད་དགོས་པའི་རེ་འདུན་འདོན་བཞིན་ཡོད། བོད་མིའི་རེ་འདུན་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་ཏུ་གསལ་གྱི་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ ༤ ནང་། ” གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་མི་རིགས་ས་གནས་རང་སྐྱོང་ལག་བསྟར་དང་། རང་སྐྱོང་ལས་ཁུངས་གསར་འཛུགས་བྱས་ཏེ། རང་སྐྱོང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ། མི་རིགས་ཚང་མར་སོ་སོའི་སྐད་དང་ཡི་གེ་བཀོལ་སྤྱོད་དང་ཡར་རྒྱས་གཏོང་རྒྱུའི་རང་དབང་ཡོད་པ་དང་། ཚང་མར་སོ་སོའི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་། བཅོས་བསྒྱུར་གཏོང་བའི་རང་དབང་ཡོད། ” བོད་ཀྱི་སྐད་དང་། ཆོས་དང་རིག་གཞུང་བཅས་ལ་བརྟེན་པའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་རྒྱུན་འཛིན་ཐུབ་པ་ཞིག་རྩ་ཁྲིམས་དོན་ཚན་ ༤ པ་དེས་ཁག་ཐེག་བྱས་ཡོད། འོན་ཀྱང་། བོད་མིའི་ས་ཁུལ་ཁག་ལ་རྒྱ་མི་འབོར་ཆེན་མུ་མཐུད་དེ་གནས་སྤོ་བྱེད་པ་དེས་བོད་མིའི་ངོ་བོ་རྒྱུན་འཛིན་དང་། འཚོ་གནས་ལ་འཇིག་ཉེན་ཆེན་པོ་བཟོས་སྟབས། རྩ་ཁྲིམས་དོན་ཚན་ ༤ པའི་དམིགས་ཡུལ་དང་དགོངས་དོན་བསྒྲུབ་པ་ལ་མི་འབོར་སྤོ་བཞུད་མཚམས་འཇོག་བྱེད་དགོས།
བོད་པའི་ས་ཁུལ་ནང་སྔོན་ཚུད་ནས་སྡོད་བཞིན་པའི་རྒྱ་རིགས་ཀྱི་གནས་བབ་ཐད། ཕྱོགས་གཉིས་ཀས་འོས་འཚམས་ཀྱི་ཁྲིམས་སྒྲིག་གཏན་འབེབས་བྱས་ནས་གནད་དོན་འདི་ཐག་གཅོད་བྱེད་དགོས། ང་ཚོས་བོད་པའི་ས་ཁུལ་ནས་རྒྱ་རིགས་རྣམས་འཕྲལ་དུ་རང་ཡུལ་ལ་ཕྱིར་སློག་བྱ་རྒྱུའི་རེ་བ་བྱེད་ཀྱི་མེད། ས་གནས་ས་ཐོག་གི་ད་ལྟའི་དངོས་ཡོད་གནས་སྟངས་དང་། ཕྱིར་སློག་བྱ་རྒྱུ་དཀའ་རྙོག་རིགས་ང་ཚོས་ཤེས་རྟོགས་ཡོད། བོད་པའི་ས་ཁུལ་ཁག་གི་ནང་རྒྱ་རིགས་མི་འབོར་ཕོན་ཆེ་གནས་སྡོད་ལ་འགོག་རྒོལ་བྱེད་པ་དེ་ནི། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་ཆེད་དུ་ཡིན་པ་ལས། བོད་པའི་ས་ཁུལ་རྣམས་རྒྱ་ནག་ནས་ཁ་བྲལ་གཏོང་འདོད་ཡོད་པ་ཞིག་མིན།༥
རྒྱ་ནག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་ནང་ནས་དྲག་པོའི་དམག་དཔུང་ཕྱིར་འཐེན་དང་། བོད་ནང་མི་རིགས་གཙང་སེལ་བྱེད་རྒྱུའི་ཇུས་འགོད་བྱས་ལུགས་སྐད་ཅོར་བརྒྱབ་པ་དེ་ལས། རྒྱ་ནག་རང་ངོས་ནས་བོད་ཀྱི་མགོ་ནད་དེར་ནུས་ལྡན་གྱི་སྨན་ཞིག་ཐབས་འཚོལ་བྱེད་དགོས། པེ་ཅིང་གི་མདུན་དུ་དེ་འདྲའི་སྨན་ཞིག་ཡོད་པ་ནི། ” ཇེན་གསང་བའི་གནས་ཚུལ་བསྐྱར་ཞིབ་ ” ཀྱི་རྩོམ་སྒྲིག་པ་ཀརི་ཤན་ ལ་མིར་གྱིས་ ” ཕྱི་སྲིད་གནད་དོན་ནང་གསལ་བཤད་བྱས་ཡོད།
དཔལ་འབྱོར་ཡར་རྒྱས་དང་། མི་འབོར་སྤོ་བཞུད་ཀྱི་ཐབས་ཇུས་ཟུང་འབྲེལ་བརྒྱུད། འབྱུང་འགྱུར་ནུབ་ཁུལ་གྱི་བསམ་ཚུལ་འགལ་ཟླའི་རིགས་དབུགས་སུབ་གཏོང་རྒྱུ་ནི་རྒྱ་ནག་དམར་ཤོག་འགོ་འཁྲིད་ཚོའི་དམིགས་ཡུལ་ཡིན། འོན་ཀྱང་དངུལ་དང་། ཀ་ར་ཨོ་ཀེའི་ཆང་ཁང་ཙམ་ལ་བརྟེན་ནས་པེ་ཅིང་གིས་བོད་མི་ས་ཡ་ ༦ དང་། ཡུ་གུར་མི་རིགས་ས་ཡ་ ༨ རྣམས་དབང་དུ་སྡུད་ཐུབ་པའི་ངེས་པ་མེད།དེང་དུས་ཀྱི་འཚོ་བའི་མཐུན་རྐྱེན་དང་ཡོང་འབབ་འཕར་སྐྱེད་བྱེད་པ་དེས། མི་ལོ་སྟོང་ཕྲག་བརྒལ་བའི་ཆོས་དང་རིག་གཞུང་གི་ཤུལ་བཞག་བརླགས་པ་དེའི་སྐྱིན་ཚབ་བྱེད་མི་ཐུབ་པའི་བསམ་ཚུལ་འཆང་གི་ཡོད།
གལ་ཏེ་པེ་ཅིང་ལ་ནུབ་ཁུལ་གྱི་དཀའ་ངལ་ཁག་སེལ་བའི་ཕུགས་རིང་གི་ཐབས་ལམ་ཞིག་འཚོལ་འདོད་ཡོད་ན། ཆེས་བློ་སྟོབས་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་དགོས། དེ་འདྲའི་ཐབས་བྱུས་ཡག་ཤོས་ཤིག་ནི་སྔོན་ཚུད་ནས་ཡོད། རྒྱ་ནག་གི་ད་ལྟའི་ཆར་ཧོང་ཀོང་དང་། མཀའོ་ནང་ལག་བསྟར་བྱེད་བཞིན་པའི་དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་སྡེཚན་དེ་རྒྱལ་ཁབ་ནུབ་ཁུལ་གྱི་མངའ་སྡེ་ཁག་ལ་རྒྱ་ཁྱབ་གཏོང་རྒྱུ་དེ་ཡིན།
དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་ཐ་སྙད་དེ་ཐོག་མར་ ༡༩༩༠ ལོར་གསར་གཏོད་བྱས་ཡོད་ཅིང་། དེ་ཡང་དེ་སྔ་ཧོང་ཀོང་དང་མ་ཀའོ་དབང་བསྒྱུར་བྱེད་མཁན་གྱི་བཙན་རྒྱལ་སྟོབས་ཆེན་རྒྱལ་ཁབ་དབྱིན་ཡུལ་དང་། པོར་ཅུ་གྷལགཉིས་ལ་ཞི་མཐུན་བྱས་པ་ཞིག་ཡིན། དམིགས་བསལ་འཛིན་སྐྱོང་ས་ཁུལ་བཀོད་སྒྲིག་གི་ཁྲིམས་ལུགས་ལྟར་ན། དེ་འདྲའི་ས་ཁུལ་ལ་ཚད་མཐོའི་རང་སྐྱོང་དང་། “འཛིན་སྐྱོང་དང་། ཁྲིམས་བཟོ། རང་དབང་ལྡན་པའི་ཁྲིམས་སྲིད་དབང་ཆ་ ” སྤྲད་ཡོད།
དེའི་ཐོག་དམིགས་བསལ་འཛིན་སྐྱོང་བཀོད་སྒྲིག་ནང་། ས་གནས་བདེ་འཇགས་ཀྱི་དམག་དཔུང་ཡུལ་མི་རང་ནས་ཡིན་དགོས་པ་དང་། ས་ཁུལ་འདི་རིགས་ནང་གནས་སྡོད་བྱེད་མཁན་རྣམས་ལ་་བརྗོད་དང་། གསར་འགོད་བརྒྱུད་ལམ། འདུ་འཛོམས། སྒེར་གྱི་གསང་དོན་ privacy བཅས་ཀྱི་རང་དབང་སྲུང་སྐྱོབ་བྱས་ཡོད་པའི་ཐོག་གལ་འགངས་ཆེ་ཤོས་དེ་ནི། (ལྷག་པར་དུ་བོད་ནང་འདི་འདྲའི་བཀོད་སྒྲིག་ལག་བསྟར་བྱས་པ་ཡིན་ན།) ཆོད་དད་རང་དབང་ཡང་སྲུང་སྐྱོབ་བྱས་ཡོད། དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་སྲིད་གཞུང་ནང་། ཕན་ཚུན་ལྗིད་མཉམ་སྟངས་འཛིན་བརྒྱུད་གོང་གསལ་ཐོབ་ཐང་ཁག་རྒྱ་ནག་གི་རྩ་ཁྲིམས་ལས་ལྷག་པའི་སྲུང་སྐྱོབ་བྱེད་ཐུབ་ཀྱང་། རྒྱ་ནག་གི་རྩ་ཁྲིམས་སུ་གོང་གསལ་རང་དབང་རྣམས་མིང་སྟོང་ཙམ་ལས་མེད།
དམིགས་བསལ་འཛིན་སྐྱོང་ས་ཁུལ་གྱི་ཁྲིམས་ལུགས་ནང་ནས་རྒྱ་ནག་ནུབ་ཕྱོགས་ས་ཁུལ་ཁག་གི་འདོད་བློར་འབབ་ཆེ་ཤོས་དེ་ནི་དོན་ཚན་ ༢༢ དེ་ཡིན། དོན་ཚན་དེས་དམིགས་བསལ་འཛིན་སྐྱོང་ས་ཁུལ་ཕྱིའི་རྒྱ་ནག་གི་མི་སེར་རྣམས་ས་ཁུལ་དེར་འཛུལ་ཞུགས་བྱེད་པར་ས་གནས་སྲིད་གཞུང་ནས་ཆོག་མཆན་ཞུ་དགོས།། །།
༡ བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༠༥ ལོར་འདོན་སྤེལ་བྱས་པའི་ ” བོད་ཀྱི་འབྱུང་འགྱུར་ཆབ་སྲིད་གནས་བབ་སྐོར་གྱི་བསམ་ཚུལ་ཁག ”
༢ ” རྩ་ཡལ་དུ་འགྲོ་བའི་ལམ། ” ནང་སོག་མི་མང་ཚོགས་པས་ ༢༠༠༧ ཟླ་ ༧ ཚེས་ ༨ ཉིན་སྤེལ་བའི་གཏམ་བཤད།
༣ www.uyghuramerican.org
༤ ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༨ ཉིན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་སྤེལ་བའི་གསལ་བཤད་ཡིག་ཆ།
ཕྱི་ལོ་ ༢༠༠༩ ཟླ་ ༩།༡༠ པའི་ཕྱི་སྲིད་གནད་དོན་ནང་ཀི་རིས་ཤན་ མ་མིར་གྱི་བརྩམས་པའི་ ” རྒྱ་ནག་ནུབ་རྒྱུད་ཀྱི་མཐའ་མཚམས། བསླབ་སྡོམ་དཀའ་བའི་མངའ་སྡེ་ཁག་པེ་ཅིང་གིས་སྒྲིག་གནོན་ཐུབ་བམ།