༢༠༡༤ ཟླ་ ༤ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་མཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་སྒྲོལ་དཀར་སྐྱབས་ལགས་གཉིས་ཀྱིས་འབྲེལ་ཡོད་ས་གནས་བོད་མིའི་གཞིས་འགོ་དང་ལྷན་འབྲེལ་བ་གནང་སྟེ། ཧི་མཱ་ཅལ་མངའ་སྡེའི་འབིར་དང་ཅོན་ཏ་ར། མན་ཌི། མཚོ་པདྨ། དེ་བཞིན་ཀུལ་ལུ་མ་ན་ལི་བཅས་ས་གནས་ཁག་ཏུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞི་གསར་འཛུགས་ཐུབ་པ་བྱུང་ཡོད། དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞི་པོ་རྣམས་ནི་འབིར་དང་ཅོན་ཏ་ར། ཇོ་གིན་དར་ན་གར་བཅས་ཀྱི་ཧིན་བོད་མཛའ་འབྲེལ་ཚོགས་པ་ Indo-Tibetan Friendship Association, Bir, Chauntra and Jogindernagar དང་། མན་ཌི་དང་སུན་དར་ན་གར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པ། Indo-Tibetan Friendship Association, Mandi and Sundernagar དེ་བཞིན་མཚོ་པདྨ་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Support Group, Rewalsar དང་། ཀུ་ལུ་དང་མ་ན་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Support Group Kullu/Manali བཅས་ཡིན་འདུག ཚོགས་པ་བཞི་པོའི་ཚོགས་གཙོ་རྣམས་ནི་སྐུ་ཞབས་པང་ཀ་ཇི་ཇམ་ཝལ་ Shri. Pankaj Jamwal ལགས་དང་། ལྕམ་སུ་ཤི་ལ་ཤུངྐ་ལ་ Mrs. Sushila Shunkla ལགས། སྐུ་ཞབས་བྷན་སི་ལལ་ Shri. Bansi Lal ལགས། ལྕམ་སྐུ་འཆི་མེད་སྒྲོལ་མ་ལགས་བཅས་ཡིན།
བོད་དོན་རྒྱབ་སྐྱོར་ཚོགས་པ་བཞི་པོས་བོད་ཀྱི་གནད་དོན་སེལ་ཆེད་འབད་བརྩོན་གང་ཡོད་གནང་རྒྱུ་མ་ཟད། ས་གནས་ཡུལ་མི་རྣམས་ལའང་བོད་ཀྱི་གནས་སྟངས་སྤྱི་དང་ལྷག་པར་ད་ལྟའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཀྱིས་བོད་དོན་ཐོག་རྒྱ་གར་ཡུལ་མི་ཚོས་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་གནང་རྒྱུ་ཡིན་འདུག དེ་ཡང་སྤྱི་འཐུས་ཨཅརྱཱ་ཡི་ཤེས་ཕུན་ཚོགས་ལགས་ཀྱིས་གསུང་དོན།
འཕགས་བོད་གཉིས་བྱུང་རབས་ལོ་རྒྱུས་ཐོག་ཆོས་དང་སྐད་ཡིག རིག་གཞུང་སོགས་གང་ཅིའི་ཐོག་ནས་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཆགས་ཡོད། དེ་སྔ་བོད་རང་བཙན་རྒྱལ་ཁབ་ཡིན་དུས་རྒྱ་གར་དང་ཚོང་འབྲེལ་ཤུགས་ཆེ་ཡོད། བོད་ཀྱི་ཁོར་ཡུག་གནས་སྟངས་ལ་དོ་ཕོག་བྱུང་སྐབས་བོད་ཀྱི་རྒྱུག་ཆུའི་གཤམ་འོག་ཏུ་གནས་པའི་ཨེ་ཤི་ཡའི་རྒྱལ་ཁབ་སྤྱི་དང་ལྷག་པར་རྒྱ་གར་ལ་དོ་ཕོག་ཧ་ཅང་ཡོང་རྒྱུ་རེད།
དེར་བརྟེན་བོད་ཀྱི་གནད་དོན་འདི་རྒྱལ་སྤྱི་དང་རྒྱ་གར་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གཅིག་ཆགས་ཡོད། རྒྱ་གར་རང་བཙན་ཐོབ་འཕྲལ་རྒྱ་གར་གྱི་དབུ་ཁྲིད་མང་པོས་བོད་ཀྱི་གནད་དོན་ལ་སེམས་འཚབ་གནང་བ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ནང་དུའང་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།