༢༠༠༩ ཕྱི་ཟླ་ ༩ ཚེས་ ༡༢ རེས་གཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་ཆར་ཕྱི་ཟླ་ ༩ པའི་ཚེས་ཤར་དུ་རྔ་པ་རྫོང་སྤྱི་བདེ་ཉེན་རྟོག་པས་སྔ་ལོའི་ཞི་རྒོལ་ནང་གང་བྱུང་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཕོག་པའི་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་(ཆོས་དར་)གབ་ཡིབ་བྱེད་མུས་ནས་ཤེས་རྟོགས་བྱུང་སྟེ་གློ་བུར་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
གྲྭ་བློ་བཟང་དཀོན་མཆོག་ནི་དེ་སྔ་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་དང་། རྔ་པ་རྫོང་ཇོ་ལེབ་སྡེ་པའི་ཇོ་ཤེར་ཚང་གི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༣༤ ཙམ་དུ་སོན་གྱི་ཡོད་པ་དང་། ཁོང་དེ་སྔ་ཀིརྟི་དགོན་དུ་བཞུགས་མུས་སྐབས་ ༡༩༩༨ ལོ་མཇུག་ཏུ་དགོན་པའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཞེས་པ་སྤེལ་སྐབས་དགེ་འདུན་པ་ཚོས་ཇི་བཞིན་དང་ལེན་མ་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར། སྐབས་དེར་དགེ་འདུན་པ་ཁག་གཅིག་འཛིན་བཟུང་བྱས་ཡོད་པའི་ཁྲོད་ཁོང་ཡང་སྐབས་དེར་འཛིན་བཟུང་གིས་མཐར་དུས་བཀག་བཙོན་འཇུག་ལོ་ ༥ བཏང་སྟེ་བཙོན་འཇུག་མྱང་མྱོང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༣ ལོར་གློད་བཀྲོལ་ཐོབ་ཡོད།
སྔ་ལོ་ཟླ་ ༣ པའི་ནང་རྔ་པ་རྫོང་ཁོངས་སུ་སེར་སྐྱ་མི་མང་ནས་ཞི་བའི་ངོ་རྒོལ་ཤུགས་ཆེ་སྤེལ་སྐབས་ཁོང་ཡང་འཛུལ་ཞུགས་གནང་ཡོད་པ་ལྟར། སྐབས་དེར་སྤྱི་བདེ་མི་སྣས་བོད་མི་ཞི་རྒོལ་བའི་ཐོག་དྲག་གནོན་བྱས་པར་བརྟེན་ཁོང་ལའང་མེ་མདའ་ཕོག་སྟེ་རྨས་སྐྱོན་བཟོས་རྗེས་ལམ་སེང་འཛིན་བཟུང་བྱེད་ཐུབ་མེད་པར་བརྟེན་ས་གནས་ཉེན་རྟོག་པས་ཀིརྟི་དགོན་པར་ཡོད་པའི་ཁོང་གི་སྤུན་མཆེད་གྲྭ་བློ་བཟང་བསྟན་འཛིན་གཙོས་པའི་ཁོང་གི་ཁྱིམ་དུ་ཡོད་པའི་ནང་མི་ཚོ་འཛིན་བཟུང་བྱས་ཏེ་ཁོང་འཛིན་བཟུང་བྱེད་ཐབས་བྱས་ཀྱང་ལམ་སེང་འཛིན་བཟུང་བྱ་ཐུབ་མེད་ཀྱང་ནང་མི་སྤུན་མཆེད་རྣམས་གློད་བཀྲོལ་བཏང་སྟེ་ཁོང་དང་མི་ཁག་གཅིག་འཛིན་བཟུང་བྱ་རྒྱུའི་བསྒྲགས་ཡིག་ཐེངས་འགའ་ཤས་ཀྱང་སྦྱར་ཏེ་འཛིན་བཟུང་བྱ་འཆར་བྱས་ཀྱང་ད་བར་འཛིན་བཟུང་བྱེད་ཐུབ་མེད་པ་རེད། འོན་ཀྱང་ཉེ་ཆར་ཟླ་ ༩ ཚེས་ཤར་དུ་རྔ་པ་རྫོང་སྤྱི་བདེ་མི་སྣས་ཁོང་གར་ཡོད་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་མིན་ཉེ་དུས་ཨ་མདོ་རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པ་རང་ལོ་ ༤༥ ཙམ་དུ་སོན་པའི་དོན་ཁོ་རྒྱག་པ་ཞུ་བ་ཞིག་དང་། ཁོང་གི་བཟའ་ཟླ་བསོད་ལྷའང་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་ཅིང་། དོན་ཁོ་རྒྱག་པ་ནི་སྔ་ལོའི་ཞི་རྒོལ་སྐབས་ཀྱང་འཛིན་བཟུང་བྱས་རྗེས་མཐར་རྒྱ་སྒོར་ཆིག་ཁྲི་ ༡༥༠༠༠ ཙམ་གྱི་ཉེས་ཆད་བཀལ་ཏེ་གློད་བཀྲོལ་བཏང་ཡོད་འདུག་པ་དང་། ད་རེས་སླར་ཡང་འཛིན་བཟུང་བྱེད་དོན་ཐད་རྒྱུ་མཚན་གང་ཡིན་གྱི་གནས་ཚུལ་ཁ་གསལ་ཞིག་ད་ལྟའི་ཆར་ཤེས་རྟོགས་གང་ཡང་མེད་པ་རེད།།