༢༠༠༩ ཕྱི་ཟླ་ ༩ ཚེས་ ༡༢ རེས་གཟའ་སྤེན་པ།
སྔོན་གླེང་།
༡༽༄༅། །སྤྱི་ཟུར་དགོན་ཤར་བཀྲིས་དབང་འདུས་མཆོག་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༣ ཉིན་དགུང་གྲངས་ ༦༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁོང་ནི་མྱང་སྟོད་རྒྱལ་རྩེ་ཁོངས་ཀ་ལ་དགོན་གསར་ཤར་པའི་ཁྱིམ་དུ་འཁྲུངས་ཤིང་། ཆུང་དུས་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་དགོན་ལག་ས་སྐྱ་ལ་ཕྱི་དགོན་དུ་ཆོས་ཞུགས་ཀྱིས་བོད་ཡིག་འབྲི་ཀློག་སོགས་ཆོས་སྤྱོད་སློབ་གཉེར་གནང་། ༡༩༥༩ ལོར་རྒྱ་དམར་བཙན་འཛུལ་པས་བོད་ས་བཙན་བཟུང་རྗེས་ཕྱི་ལོ་ ༡༩༦༠ ལོར་འབྲས་ལྗོངས་བརྒྱུད་རྒྱ་གར་ནང་བཙན་བྱོལ་དུ་འབྱོར། ཌས་ཌོན་དྭང་སློབ་དམག་སྒར་དུ་སྒྲིག་ཞུགས་ཀྱིས་ཐེག་པ་རིམ་འཛེགས་བརྒྱ་དཔོན་ཀྱི་གོ་གནས་བར་མི་ལོ་ ༢༥ ཧྲིལ་པོ་ཞབས་འདེགས་ཞུ་བཞིན་པའི་སྐབས་ཕྱི་ལོ་ ༡༩༨༧ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༩ པའི་དབུས་གཙང་སྤྱི་འཐུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་གནང་བ་དང་། དེ་བཞིན་སྤྱི་འཐུས་སྐབས་ ༡༡།༡༢ པར་འོས་ཐོབ་བྱུང་བ་བཅས་སྤྱི་འཐུས་སྐབས་གསུམ་ནང་འགན་ཁུར་བཞེས། དེ་རྗེས་ལྷོ་གཞིས་ཁག་ལྔའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་སྤྱི་ཁྱབ་ཚོགས་གཙོ་དང་། ལུགས་བསམ་གཞིས་གྲོང་ ༦ པའི་སྤྱི་མི། དབུས་གཙང་ཆོལ་ཁའི་དབུས་རྒྱུན་སྐབས་ལྔ་པ་དང་། བརྒྱད་པ། དགུ་པ་བཅས་གནང་རིང་ཞི་བའི་གོམ་བགྲོད་ཐེངས་དང་པོ་ནས་གསུམ་པ་བར་འགན་ཁུར་གནང་། དེ་རྗེས་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་དང་། བཙན་བྱོལ་བོད་མིའི་དབུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༨ ཐུན་མོང་ནས་དོལ་རྒྱལ་ལ་གདོང་ལེན་ཆེད་རྡ་སར་བསྟན་སྲིད་སྲུང་སྐྱོབ་ཚོགས་ཆུང་ཟུར་འཛུགས་གནང་བའི་སྤྱི་ཁྱབ་ཚོགས་གཙོའི་འགན་ཁུར་གནང་བ་སོགས་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་རེད། གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ།
༢༽༄༅། །ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Senator Edward M.Kennedy མཆོག་ ༢༠༠༩ ཟླ་ ༨ ཚེས་ ༢༥ ཉིན་སྐུ་ཚེའི་འཕེན་པ་རྫོགས་འདུག སྐུ་ཞབས་ Senator Edward M.Kennedy མཆོག་ནི་ ༡༩༣༢ ལོར་སྐུ་འཁྲུངས་པ་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལོ་ ༤༧ གནང་འདུག་ཅིང་རྒྱུན་དུ་བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་དང་རང་དབང་ཐད་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་ཞིག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཟབ་ཅིང་། ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་རིམ་འཇོག་གིས་ཐུགས་འགན་བཞེས་གནང་མཛད་ཡོད་པ་མ་ཟད། ཨ་རིའི་མི་མང་ནས་ཀྱང་གུས་བརྩི་ཤུགས་ཆེ་ཞུ་ཡུལ་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་གང་གི་བཀའ་དྲིན་ནམ་ཡང་བརྗེད་མེད་སྙིང་བཅངས་ཐོག ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ།
༣༽༄༅། །རྒྱ་གར་ཨན་ལྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Yeduguri Sandinti Rajasekhara Reddy མཆོག་ ༢༠༠༩ ཟླ་ ༩ ཚེས་ ༢ ཉིན་གློ་བུར་དུ་དུས་མིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སྐུ་ཞབས་ Yeduguri Sandinti Rajasekhara Reddy མཆོག་ ༡༩༤༩ ལོར་སྐུ་འཁྲུངས་ཤིང་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ལོ་མང་གནང་བ་དང་། ས་གནས་ཀྱི་གྲོས་ཚོགས་འཐུས་མིའི་ཐུགས་འགན་ཡང་ལོ་མང་བཞེས་ཤིང་ ༢༠༠༤ ལོ་ནས་བཟུང་ཨན་ལྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཛད་ཁུར་བཞེས་གནང་མཛད་པ་དང་། ༢༠༠༦ ལོར་ཨམྲ་ཝ་ཏི་རུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་གནང་མཛད་སྐབས་བོད་མི་རྣམས་ལ་མཐུན་རྐྱེན་རོགས་མགོན་ཤུགས་ཆེ་བསྩལ་གནང་མཛད་པ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་དང་༸གོང་ས་༸སྐྱབས་མགོན་ཆེན་པོར་གུས་བརྩི་བླ་མེད་ཞུ་མཁན་ཞིག་དང་། ཁྱབ་ཁོངས་མངའ་སྡེའི་མི་མང་ཡོངས་ལ་བརྩེ་གཟིགས་རིས་མེད་གནང་མཁན་ཞིག་ཡིན་པ་རེད།
གྲོས་ཆོད། སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་གང་གི་བཀའ་དྲིན་ནམ་ཡང་བརྗེད་མེད་སྙིང་བཅངས་ཐོག ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ།