༢༠༡༤ ཟླ་ ༤ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདི་གར་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་གཉིས་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་གནས་སྟངས་ལ་གཟིགས་ཞིབ་དང་ལས་དོན་ཞིབ་འཇུག་སླད། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༥ ནས་ཚེས་ ༢༨ བར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
ཐེངས་འདིའི་གཟིགས་སྐོར་གྱི་བར་གསེང་དང་སྟབས་བསྟུན། ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༠༠ ཐོག་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་བདེ་སྐྱིད་གླིང་དང་ར་ཇ་པུར་ཁྱབ་ཁོངས་ཀྱི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ལྷན་བཞུགས་མོལ་ཚོགས་འདུ་བསྐྱངས་པའི་ཐོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་སྦྲགས། ཁྲིམས་རྩོད་པའི་བླང་དོར་བྱེད་སྒོའི་སྐོར་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་དང་།
ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༡༥ ཐོག ས་གནས་ཁྲིམས་ཞིབ་པ་དང་། ས་གནས་འགོ་འཛིན། ས་འཐུས་ཚོགས་གཞོན། རྩིས་ཞིབ་ཡན་ལག་འགན་འཛིན། ར་ཇ་པུར་བཟོ་འགོ་སོགས་ས་གནས་ཀྱི་གནད་ཡོད་ལས་སྣེ་མཉམ་དུ་བཞུགས་མོལ་ཐོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྤྱི་དང་། བྱེ་བྲག་ཏུ་ཁྲིམས་ཞིབ་ཁང་མ་ལག་གི་འཕེལ་རིམ་དང་ད་ལྟའི་གནས་སྟངས། ཁ་མཆུ་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་གོ་སྒྲིག ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་བཅས་ཀྱི་སྐོར་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཁྲིམས་ལུགས་སློབ་གཉེར་བའི་གྲངས་འབོར་སྤར་ཐབས་དང་། ཁྲིམས་ཞིབ་ཁང་ནས་བཙན་བྱོལ་ཁྲིམས་ལུགས་སྦྱོང་བརྡར་དང་བསྐྱར་སྦྱོང་གི་ལས་རིམ་སྤེལ་དང་སྤེལ་མུས་ཐོག་མཉམ་ཞུགས་བྱེད་མཁན་མང་ཙམ་ཡོང་ཐབས་ས་གནས་ཀྱི་ལས་སྣེ་རྣམ་པས་མང་ཚོགས་ལ་གོ་བསྐོན་སློབ་གསོ་ཡོང་བའི་གཞེན་སྐུལ་དང་། དྲི་བ་བྱུང་རིགས་ལ་གསལ་བཤད་ལན་འདེབས་གནང་ཡོད།
བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༠༢ ལོར་གསར་འཛུགས་གནང་བའི་ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་ཐོག་མ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༡༣ ལོར་ས་གནས་ཁྲིམས་ཞིབ་པ་ཐད་བསྐོས་དང་། ཕྱི་ལོ་ ༢༠༡༢ ལོར་ས་གནས་ཁྲིམས་དྲུང་ཐད་བསྐོས་གནང་ཡོད་ཅིང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ས་གནས་ཁྲིམས་ཞིབ་ཁང་གི་ཁང་ཁུངས་དང་ལས་དོན་བྱེད་ཕྱོགས་ལ་གཟིགས་ཞིབ་གནང་སྟེ། ལས་བྱེད་ཚོགས་འཛོམས་སྔ་རྗེས་སྟེང་ཁྲིམས་དོན་དང་འཛིན་སྐྱོང་ལས་དོན་ཐོག་ལམ་སྟོན་བཀོད་མངགས་ཞིབ་ནན་གནང་སྟེ། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད།