༢༠༠༩ ཕྱི་ཟླ་ ༩ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༧ བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་ཆེད་ལས་པ་མི་གྲངས་ ༤༠ ཙམ་ཞིག་ལ་དམིགས་བསལ་གྱི་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་མ་ཟད། སྐབས་དེར་བཀའ་སློབ་ཕེབས་པའི་ནང་། བོད་མི་བཙན་བྱོལ་དུ་འབྱོར་མ་ཐག་བོད་མིའི་ལས་འགན་གལ་ཆེས་ཤོས་དེ་མང་གཙོའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཚད་ལྡན་ཞིག་ཡོང་ཐབས་དང་། སློབ་གྲྭ་གསར་འཛུགས་གནང་རྒྱུའི་འཆར་གཞི་ལྟར་ད་ཆ་བོད་མི་ཆེད་ལས་པ་མཐོང་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བར་ཡི་རང་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ཆེད་ལས་པ་ཚོས་རང་ཉིད་བོད་པ་ཡིན་པའི་སྤོབས་པ་དང་འདུ་ཤེས་དེ་མ་བརྗེད་པ་བྱ་རྒྱུའི་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་དོན།
དེ་རིང་ཁྱེད་ཚོ་ཐུག་ཙམ་བྱས་ནས་ང་ཚོ་ཐོག་མ་བཙན་བྱོལ་བ་བྱས་ཏེ་ལམ་སེང་ཐག་གཅོད་ཡོང་ཐབས་མེད། དུས་ཡུན་རིང་པོ་ཞིག་འགོར་རྒྱུ་ཡིན་པ་དང་། དུས་ཡུན་དེའི་ནང་ནས་གལ་ཆེ་ཤོས་སློབ་སྦྱོང་ཡིན་པ་ངོས་འཛིན་བྱས་ཏེ་དེ་དུས་ལས་ཀའི་ས་བོན་བཏབ་པ་དེས་འབྲས་བུ་གཅིག་ཁྱེད་རང་ཚོ་ཆགས་ཡོད་པ་རེད། དཔེ་ཡག་པོ་རེད། ང་རང་ཚོ་ལུང་པ་གང་འདྲ་ཞིག་ལ་བསྡད་རུང་ང་ཚོའི་ཤ་ཁྲག་རུས་གསུམ་དེ་བོད་ནས་མཆེད་པ་ཞིག་རེད། མ་ཤི་བར་དུ་བོད་མི་ཞེས་པའི་མིང་དེ་བརྗེད་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་སྐྱེས་ནས་མ་ཤི་བར་དུ་བོད་པ་ཟེར་བའི་མིང་དེ་ང་ཚོ་དང་བྲལ་ཐབས་མེད་པར་གནས་ཡོད།
དེ་འདྲ་ཡིན་དུས་ང་རང་ཚོས་བོད་ཅེས་པ་དེར་བསམ་བློ་ཞིག་བཏང་བ་ཡིན་ན། དངོས་གནས་རིག་གཞུང་དང་ཡི་གེ་ཡོད་པ། དེའི་ཐོག་སངས་རྒྱས་ཀྱི་ཆོས། ལྟ་གྲུབ་ཕྱུག་པོ་ཞེ་དྲག་ཡོད། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་ནང་ལ་དཔལ་ན་ལེྡའི་ཆོས་བརྒྱུད་ཅེས་འཛམ་བུ་གླིང་འདིའི་སྟེང་ལ་ཤེས་མཁན་ཚོས་ཆ་འཇོག་བྱེད་ས་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་དེ་རིང་ཁ་སང་ཚན་རིག་པ་ཚོའི་ནང་བོད་ཀྱི་ནང་ཆོས་ནས་སེམས་ཀྱི་རྣམ་གཞག་དེ་ཚོར་འགྲེལ་བཤད་རྒྱག་རྒྱུར་ཡིད་འཕྲོག་སྟེ། ཚན་རིག་པ་དེ་ཚོའི་ནང་ནས་སེམས་ཀྱི་སྐོར་ལ་འགྲེལ་བཤད་དེ་བོད་ཀྱི་ནང་ཆོས་ནང་ནས་ཚུར་སློབ་སྦྱོང་དང་བློ་སྐྱེད་ལེན་རྒྱུ་བྱེད་ཀྱི་འདུག ཚན་རིག་པ་ཚོ་ལས་སླ་པོ་མ་རེད། དོན་མེད་ཡིད་འཕྲོག་གི་མ་རེད། རྒྱུ་མཚན་གཅིག་ལ་བརྟེན་ནས་ཡིད་འཕྲོག་གི་རེད། དེ་འདྲའི་རིག་གཞུང་ཞིག་རེད། སྤྱིར་འཛམ་གླིང་འདིའི་སྟེང་ལ་ནང་པའི་ལུང་པ་མང་པོ་ཡོད་པ་རེད། དཔེར་ན་རྒྱ་ནག་ལ་ཆ་བཞག་ན་ཐེག་ཆེན་གྱི་ཆོས་བརྒྱུད་གཅིག་པ་ཆགས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་ནང་པ་ཚོའི་ནང་ནས་ཚན་རིག་པ་ཚོས་བློ་སྐྱེད་ལེན་རྒྱུ་ཕལ་ཆེར་ད་ལྟ་བར་དུ་ངོས་ནས་གོ་མ་སོང་ལ་ཕལ་ཆེ་མི་འདུག ང་ཚོ་བོད་པ་གཅིག་པུ་རེད། དེ་འདྲ་ཡིན་དུས་དེ་དག་ང་ཚོ་བོད་པའི་གཟི་བརྗིད་རེད། བོད་མི་རིགས་ལ་ཆ་བཞག་ནའང་འདས་པའི་ལོ་ལྔ་བཅུ་དྲུག་ཅུའི་རིང་ལ་ཁྱེད་ཚོས་ཚང་མས་མཐོང་གསལ་རེད། ཇི་ཙམ་གྱི་རྒྱ་མིའི་ངོས་ནས་འཇམ་རྩབ་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱས་ཀྱང་བོད་པའི་བློ་བསྒྱུར་ཐུབ་མེད། དེ་འདྲ་ཡིན་དུས་བོད་མི་རིགས་གངས་ཅན་པ་ཟེར་བ་དེ་སྐྱོ་པོ་ཞིག་མ་རེད། ཁྱེད་རང་ཚོའི་དེ་འདྲའི་མི་རིགས་གཅིག་གི་ཤ་ཁྲག་ལས་གྲུབ་ཡོད་དུས་མ་ཤི་བར་དུ་བོད་པ་ཡིན་བསམ་པ་དེ་རྩ་བ་ནས་མ་བརྗེད་པ་བྱེད་དགོས་ཤེས་སོང་ངམ། ཞེས་བཀའ་སློབ་ཕེབས་ཡོད། ཡང་༸གོང་ས་མཆོག་ནས་དེང་སྐབས་བོད་མི་རྣམས་ལ་སྤོབས་སེམས་བྱེད་དགོས་པའི་ཁྱད་ཆོས་གཅིག་ནི་ནང་པའི་ལྟ་གྲུབ་དེ་ཆགས་ཡོད། བོད་མི་ཚོས་དེང་དུས་ཀྱི་ཤེས་ཡོན་དང་ཟུང་དུ་འབྲེལ་བའི་ཐོག་ནས་བོད་ཀྱི་ནང་པའི་ལྟ་གྲུབ་ཐོག་ལའང་དོ་སྣང་བྱེད་ཐུབ་པ་ཡིན་ན་བཟང་སྤྱོད་དང་ལྡན་པའི་བོད་མི་མཚན་ཉིད་ལྡན་པ་ཞིག་ཆགས་རྒྱུ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་ཕེབས་དོན།
བོད་མིས་སྤོབས་པ་བྱེད་གཞི་གཅིག་དེ་ཕལ་ཆེར་ནང་པའི་ལྟ་གྲུབ་དེ་རེད། ནང་པའི་ཆོས་རེད་ལ་གཙོ་བོ་ནང་པའི་ Philosophy, Buddhist Science དེར་ང་ཚོས་སྤོབས་པ་བྱེད་གཞི་ཞིག་རེད། དེ་ཁྱེད་རང་ཚོས་ག་ཚོད་ཐུབ་ཐུབ་ཀྱི་དོ་སྣང་བྱེད་དགོས། བོད་ཡིག་ཀློག་མ་ཐུབ་ཀྱང་དབྱིན་ཡིག་ཐོག་ནས་ཕྲན་བུ་ཤེས་ཐུབ་པ་བྱས་ན་དེ་ཡག་པོ་ཡོད་པ་རེད། བོད་པའི་ཆོས་དང་རིག་གཞུང་ལ་ཏོག་ཙམ་ཞིག་གོ་བ་ཆགས་པ་མ་ཟད། སོ་སོའི་སེམས་ནང་བྲོ་བ་ལྟ་བུ་རྙེད་པ་ཡིན་ན་བོད་པ་མཚན་ཉིད་ཚང་བ་ཞིག་ཆགས་ཀྱི་རེད། དེ་མིན་དེང་དུས་ཀྱི་ཤེས་ཡོན་རྐྱང་པ་མ་གཏོགས་བོད་པའི་རིག་གཞུང་ཤེས་ཀྱི་མེད་ན་བོད་པ་ཕྱེད་ཀ་ལྟ་བུ་རེད། དེ་རིང་ཁ་སང་ང་ཚོ་བོད་པ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་བྱེད་ཐུབ་ན་སོ་སོ་སྒེར་ལ་ཆ་བཞག་ནའང་ཚེ་འདི་ལུས་བདེ་བ། སེམས་སྐྱིད་པ། ཚེ་ཕྱི་མ་ལ་ཡིན་ནའང་ཕན་པ། སྤྱི་ཚོགས་ནང་ལའང་མི་ཚོས་ཆ་འཇོག་བྱེད་ས་ཞིག་ཆགས་ཀྱི་རེད། སྤྱིར་བཏངསྔོན་མ་ནིའུ་ཡོཀ་ཏུ་ངོས་ལ་ངོ་ཤེས་པ་ཞིག་ཡོད། ནིའུ་ཡོཀ་ཏུ་མི་ཚང་གཅིག་གིས་དངུལ་ཁང་ཞིག་ལ་ཨ་སྒོར་སྟོང་ཕྲག་གཅིག་བོད་པ་དེར་བསྐུར་ནས་དེེ་སྤྲོད་ཤོག་ཅེས་ལབ་བྱུང་ཞེས། ཁོང་རང་གིས་རྗེས་སུ་ལབ་ཀྱི་འདུག སྤྱིར་དེ་འདྲ་བྱེད་མཁན་ཞེ་དྲག་དཀོན་པོ་རེད། འོན་ཀྱང་བོད་པ་ཞེས་བརྗོད་དུས་སྐྱག་རྫུན་དང་ཧམ་པ་ཤོད་ཀྱི་མ་རེད། མགོ་སྐོར་གཏོང་གི་མ་རེད་བསམ་པའི་ཡིད་ཆེས་བྱས་ནས་དངུལ་དམར་སྤྲད་པ་རེད། དེ་འདྲའི་ཡིད་ཆེས་བྱེད་ཁག་པོ་རེད། ལོ་ཉི་ཤུ་སུམ་ཅུའི་གོང་ངོས་རང་ཨོ་རི་སར་ཕྱིན་པའི་སྐབས་ཉིན་གཅིག་ཁྱིམ་ཚང་འབྲིང་ཞིག་གི་ནང་ལ་འགྲོ་དུས་ས་ཏར་རྒྱ་བོ་ཞིག་དེར་བསྡད་འདུག ཁོང་རང་ལུ་ལྷི་ཡ་ན་ནས་སྤུན་དོག་གི་གྱོན་གོས་ཚོང་མཁན་རེད་ཟེར་གྱི་འདུག བོད་མི་ཚོས་ལུ་ལྷི་ཡ་ནར་སྔོན་ལ་དངུལ་སྤྲོད་མ་དགོས་པར་སྤུན་དོག་གི་གྱོན་གོས་མང་པོ་ཞིག་འཁྱེར།
རྗེས་སུ་དེ་དག་བཙོང་ཟིན་རྗེས་ལོ་གསར་སྐབས་ལ་ཁོ་ཚོ་གཞིས་ཆགས་ནང་ལ་སྐུ་མགྲོན་དུ་ཡོང་ནས་བོད་པ་ཚོའི་མཉམ་དུ་ལོ་གསར་བཏང་སྟེ་སྐབས་དེར་དངུལ་སྤྲད་ན་འགྲིགས་ཀྱི་ཡོད་པ་དེ་ཚོ་བློས་མ་འཁེལ་ན་བྱེད་ཀྱི་མ་རེད། ཡིན་ནའང་སྐབས་དེ་དུས་ཀྱི་བོད་པའི་སྤུས་ཚད་དེ་དེ་འདྲ་རེད། དེ་རིང་ཁ་སང་ཏོག་ཙམ་སྡུག་ཏུ་འགྲོ་གི་ཡོད་པ་ལྟ་བུ་ཞིག་འདུག བོད་པས་སྐྱག་རྫུན་ཤོད་ཀྱི་འདུག་ཟེར་བ་དེ་རིང་སང་གོ་རྒྱུ་ཕྲན་བུ་འདུག དེ་ཚོའི་གྲས་དེ་ང་ཚོས་ཤེས་པ་བྱེད་དགོས། ཁྱེད་རང་ཚོ་འདི་དག་ཤེས་ཡོན་ཡོད་པ་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་གང་འཚམས་སླེབས་ཡོང་དུས་བོད་པའི་སྤུས་ཚད་སྐྱག་རྫུན་མི་ཤོད་མཁན་དྲང་པོ་དྲང་བདེན་ཐུབ་པ་བྱེད་རྒྱུ་དེ་ཁྱེད་རང་ཚོས་ཡིན་གཅིག་མིན་གཅིག གལ་ཆེན་པོ་རྩི་དགོས་པ་རེད། ཤེས་སོང་ངམ་། ཞེས་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད། ད་རེས་བོད་མི་ཆེད་ལས་པ་རྣམས་ནས་༸གོང་ས་མཆོག་གི་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཞུ་རྒྱུའི་ལས་རིམ་འདི་ནི་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་མདུན་བཟང་ལམ་སྟོན་ལས་རིམ་ཞེས་པའི་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཚོགས་པ་དེའི་འགན་འཛིན་ནི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ནས་སྐབས་དེར་༸གོང་ས་མཆོག་ལ་ཁོང་ཚོའི་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་བོད་མི་ཆེད་ལས་པ་ཕན་ཚུན་དབར་འབྲེལ་ལམ་གོང་འཕེལ་ཡོང་ཐབས་དང་འབྱུང་འགྱུར་རིང་མིན་བོད་མི་ཆེད་ལས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་རྒྱུའི་འཆར་གཞི་སྙན་སྒྲོན་ཞུས་པ་མ་ཟད་ད་ལྟའི་ཆར་ཨ་རི་དང་། ཁེ་ན་ཌ། རྒྱ་གར་བཅས་ཀྱི་ནང་བོད་མི་ཆེད་ལས་པ་གྲངས་ཉིས་བརྒྱ་སྐོར་ཞིག་ཡོད་པ་སོགས་ཀྱི་སྙན་སྒྲོན་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།