༢༠༡༤ ཟླ་ ༤ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་དགུ་པ་དབུ་འཛུགས་གནང་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གཙོས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། ཧིིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་སོགས་ཁྱོན་མི་གྲངས་ ༨༠ བརྒལ་བ་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་མཚམས་ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་གསོལ་ཇ་འབྲས་སིལ་ཕུལ།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལས་བསྡོམས་སྙན་ཐོའི་དེབ་དབུ་འབྱེད་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ནོར་བུ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཅས་ལ་དྲན་རྟེན་ཕྱག་རྟགས་ཕུལ། དེ་རྗེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཟུང་དྲུང་ཐུབ་བསྟན་བྱམས་པ་ལགས་ཀྱིས་ལོ་འཁོར་ལས་བསྡོམས་དང་། དངུལ་གཉེར་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་བྱུང་སོང་རྩིས་ཁྲ་སྒྲོགས་སྦྱང་ཞུས་རྗེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་གསར་རྙིང་རྣམས་ལ་སྐུ་མགྲོན་གཙོ་བོ་མཆོག་གིས་ཕྱག་འཁྱེར་དང་དྲན་རྟེན་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་པ་རྡ་སར་འཚོགས་བཞིན་ཡོད། ཚོགས་ཆེན་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་འབྱོར་བཀའ་བློན་མཆོག་དང་། འཛིན་སྐྱོང་གི་ལས་བྱེད་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན། ཚོང་པའམ་སྤྱི་འཐུས་ལས་ཟུར། སྐུ་མགྲོན་རྣམ་པ། རྡ་ས་ཁུལ་གྱི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
རྩ་བའི་ཚོང་བདེ་ལྷན་ཚོགས་ཀྱིས་འདས་པའི་ལོ་གསུམ་རིང་དང་ད་ལྟའི་རྒྱུན་ལས་ལས་ཐོག་པ་རྣམས་ཀྱིས་ཕྱག་ལས་ག་ཚོད་གནང་ཡོད་མེད་དེ་ང་ཚོ་ཚང་མས་ཤེས་གསལ་རེད། ད་བར་བོད་པའི་ཚོང་ལས་བདེ་ཚོགས་ཀྱི་ཡར་རྒྱས་ཕྱིན་པའི་རྣམ་པ་དེ་ལས་བསྡོམས་ནང་གསལ་བ་བཞིན་རེད། གང་ལྟར་བོད་པའི་ཚོང་ལས་བདེ་ཚོགས་འདི་བཙུགས་ནས་ཐོག་མ་འགན་འཁུར་མཁན་ནས་ད་ལྟ་བར་ཚང་མས་ཧུར་ཐག་འབད་ཐག་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། དུས་ཚོད་གཅིག་ཁོ་ནའི་ནང་ཧ་ཅང་ཡར་རྒྱས་ཚགས་ཚུད་ཡོང་རྒྱུ་ཁག་པོ་རེད། འདས་པའི་རྒྱུན་ལས་རྣམ་པ་ཚོ་དང་ད་ལྟའི་འགན་མཁྱེར་མཁན། དེ་བཞིན་ཚོགས་མི་ཚོས་རམ་འདེགས་མེད་ན་ཚོགས་པ་དང་སྒྲིག་འཛུགས་ག་འདྲ་ཞིག་ཡིན་རུང་ཚགས་ཆུད་ཡོང་རྒྱུ་ཁག་པོ་ཡིན་པར་བརྟེན། འདས་པ་དང་ད་ལྟའི་རྒྱུན་ལས་ཚང་མར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་རྒྱུས་ཐོག་ནས་དེ་ཙམ་ཞུ་དགོས་ཀྱི་མེད།
འོན་ཀྱང་དྲན་གསོའི་ཆེད་སྐབས་བཅུ་གཉིས་པའི་བཀའ་ཤག་ཕེབས་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱིས་ཚོང་ལས་བྱེད་རྒྱུ་མཚམས་འཇོག་གནང་བ་རེད། དེ་སྐབས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྡེ་ཚན་ཡིད་ཆེས་དགེ་རྩ། དཔལ་འབྱོར་འདུ་འགོད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བཅས་ཚན་པ་འདི་དག་གི་ནང་ཡོད་པའི་ཚོང་ལས་སྡེ་ཚན་ཚང་མ་སྒེར་བདག་ཅན་དུ་འགྱུར་རྒྱུ་དང་། དེ་བཞིན་གྱོང་གུན་ཕོག་པ་རྣམས་སྒོ་རྒྱག་རྒྱུ་སོགས་བྱས་ནས་ལས་རིམ་ཆ་ཚང་ཞིག་ཕྱིན་པ་རེད། གནད་དོན་འདི་དང་འབྲེལ་བའི་ཐོག་ནས་བོད་མིའི་སྤྱི་ཚོགས་ནང་ཚོང་ལས་སྡེ་ཚན་ཤུགས་ཆེ་རུ་གཏོང་དགོས་པ་ཞིག་འཛིན་སྐྱོང་བཀའ་ཤག་གིས་གཟིགས་པ་རེད། དེ་བཞིན་དཔལ་འབྱོར་ལས་ཁུངས་ནས་ཐུགས་འཁུར་ཆེ་བཞེས་གནང་སྟེ་ད་ལྟའི་ཚོང་ལས་སྡེ་ཚན་འཛུགས་རྒྱུའི་འཆར་གཞི་བཏོན་ཡོད། ཁྱེད་རང་ཚོའི་ལས་བསྡོམས་ནང་གསལ་བ་བཞིན་ད་ལྟ་བར་བཀའ་ཤག་དང་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་མཐུན་འགྱུར་ཞུ་དགོས་པ་ཆ་ཚང་ཞིག་གནང་དང་གནང་མུས་རེད། མ་འོངས་པར་ཡང་བོད་པའི་ཚོང་ལས་སྡེ་ཚན་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་དབར་འབྲེལ་བ་ཡག་པོ་ཡོང་དགོས་རྒྱུ་ཙམ་མ་ཟད། ཕན་ཚུན་གཅིག་གི་གཅིག་ལ་གནས་ཚུལ་གང་བྱུང་བ་དེ་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་གནས་ཚུལ་གསེད་བཀྲོལ་དང་ལམ་སྟོན་ཞུ་དགོས་ཁག་གང་ཡིན་རུང་དེ་རིགས། ཇི་སྲིད་ང་ཚོའི་གནས་སྟངས་འདི་ལྟར་ལྷག་པའི་རིང་མུ་མཐུད་འབྲེལ་བ་དམ་ཟབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་འདོད་བྱུང་། དེ་མིན་ཁྱེད་རང་ཚོའི་ད་བར་ཕྱག་ལས་གནང་བའི་དུས་དེབ་བཏོན་པ་འདིའི་ནང་དམིགས་ཡུལ་ལྔ་དྲུག་བང་བསྒྲིགས་འདུག དམིགས་ཡུལ་ལྔ་དྲུག་དེ་ཐོག་མར་སྒྲིག་འཛུགས་བཙུགས་པའི་སྐབས་ནས་ད་བར་བརྩི་སྲུང་བྱས་ནས་ལས་རིམ་དེ་དག་གོང་འཕེལ་གཏོང་རྒྱུར་རྣམ་པ་ཚོས་འབད་བརྩོན་ལྷོད་མེད་གནང་ཡོད། ང་རང་ཚོ་ཚོང་པའི་ནང་ཕན་ཚུན་མཐུན་བསྒྲིལ་བྱས་ནས་ཁེ་ཕན་བསྒྲུབ་རྒྱུ་དང་། དེ་བཞིན་ཕྱིའི་ཚོང་པའི་བདེ་ཚོགས་མཉམ་འབྲེལ་བ་བྱ་རྒྱུ་དང་། བོད་མིའི་སྤྱི་ཚོགས་ནང་ཚོང་ལས་རྒྱ་ཆེ་རུ་གཏོང་རྒྱུ་དང་ལས་མེད་རྣམས་ལ་རོགས་སྐྱོར་བྱེད་རྒྱུ་སོགས་དམིགས་ཡུལ་བསྒྲིགས་པ་ལྟར་སྒྲུབ་ཐུབ་གནང་དགོས། ཁ་སང་འདིའི་ནང་དུ་ཞུས་ཡོད། ཁྱེད་རང་ཚོས་ཚོགས་ཆེན་འདིའི་ཐོག་ནས་རྒྱུན་ལས་གསར་པ་ཞིག་འདེམས་ཡོང་གི་རེད། རྒྱུན་ལས་གསར་པ་དེའི་རྒྱུན་རིང་པོའི་ཐབས་བྱུས་བསྒྲིག་རྒྱུ་དེ་གནད་འགག་མིན་འགྲོ་བསམ་གྱི་འདུག
སྐབས་རེ་ང་ཚོ་ཚོགས་པའི་ལས་ཀ་བྱེད་པའི་སྐབས་སུ་སོ་སོའི་དུས་ཡུན་རིང་གང་བྱེད་ཐུབ་པ་ཙམ་མ་གཏོགས་རྒྱུན་རིང་པོའི་འཆར་གཞི་བསྒྲིག་རྒྱུ་ཁག་པོ་ཆགས་ཀྱི་ཡོད་དུས་རྗེས་མ་རྒྱུན་ལས་སུ་ཕེབས་པ་ཡིན་ན། སོ་སོའི་ལོ་གསུམ་གྱི་དུས་ཡུན་ཙམ་མིན་པར་མ་འོངས་པར་བོད་ལ་མ་ལོག་བར་དུ་གནས་སྟངས་ག་འདྲ་ཆགས་ས་རེད། དེ་ལ་དཔག་པའི་ཚོང་ལས་བདེ་ཚོགས་ཀྱི་དམིགས་ཡུལ་ག་འདྲ་རྒྱ་ཆེ་རུ་གཏོང་དགོས་ཐོག་བང་བསྒྲིག་པ་ཡིན་ན། ལས་དོན་བྱེད་ཕྱོགས་ཐད་ཏན་ཏན་ཐུགས་ཕན་གསོ་ངེས་ཤིག་ཡོང་གི་རེད་བསམ་གྱི་ཡོད། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་རང་ཁ་རང་གསོའི་སྐད་ཆ་མང་པོ་ཞིག་འགྲོ་ཡི་ཡོད། ཚོང་ལས་ཟེར་རྒྱུ་དེ་སྒེར་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ཙམ་མིན་པར་སྤྱི་ཚོགས་ཀྱི་འགན་འཁུར་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུངས་བཤད་གནང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཕྱི་ཚེས་ ༢ ནས་ ༤ བར་འཚོགས་རྒྱུ་ཡིན་འདུག