༢༠༡༤ ཟླ་ ༤ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ Xi Jinping ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་ Belgium གྱི་རྒྱལ་ས་བྷར་སེལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་དུ་བསླེབས་ཡོད། དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ European Economic and Social Committee ཚོགས་གཙོ་སྐུ་ཞབས་ཧེན་རི་མ་ལོ་སི་ Mr Henri Malosseམཆོག་གིས་རེས་གཟའ་ཟླ་བའི་ཉིན་རྒྱལ་ས་བྷར་སེལ་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེར་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་མཛད་སྒོ་ཞིག་ཏུ་མཉམ་ཞུགས་གནང་སྟེ་རྒྱ་ནག་གི་སྲིད་འཛིན་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པ་མ་ཟད། བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་ལ་གྲོས་མོལ་བསྐྱར་མཐུད་དགོས་པའི་རེ་འདུན་བཏོན་ཡོད། དེ་ཡང་ཁོང་གིས་མུ་མཐུད་གསུང་དོན། སྲིད་འཛིན་ཞི་ཅིང་ཕིང་ཁ་སེང་སྦེལ་ཇམ་དུ་བྱི་ལ་དོམ་ལ་བལྟས་མོ་ལྟ་བར་ཕེབས་ཡོད། འོན་ཀྱང་དེ་ལས་གནད་དོན་གལ་ཆེ་བ་ཞིག་ཡོད་པ་ནི་རྒྱ་ནག་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་དེ་ཡིན། ཞེས་གསུངས་འདུག
དེ་ཡང་ངོ་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་སྐབས་དེར་ཡུ་གུར་དང་བོད་མི་ལས་འགུལ་བ། དེ་བཞིན་རྒྱ་རིགས་ལས་འགུལ་བ་སོགས་ཀྱང་མཉམ་བཞུགས་གནང་འདུག སྐབས་དེར་བོད་མི་ཁག་གཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་གཞིས་བཞུགས་བོད་མི་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེའི་རྣམ་པ་བཏོན་ཆེད་མགོ་སྐྲ་བྲེགས་ཡོད། དེ་ཡང་སྐུ་ཞབས་ཧེན་རི་མ་ལོ་སི་མཆོག་གིས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་གསུམ་དུས་ཐེངས་ ༥༥ སྐབས་རྡ་སར་ཕེབས་ཏེ་གསུམ་དུས་མཛད་སྒོར་མཉམ་ཞུགས་གནང་སྟེ་བོད་དོན་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་གསུང་བཤད་གནང་བ་མ་ཟད། གསར་འགོད་གསལ་བསྒྲགས་སོགས་ཀྱང་གནང་ཡོད།