༢༠༡༤ ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་པིར་མིང་ལ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་ལ་ལོ་སྔོན་མའི་ཟླ་བ་ ༡༠ པའི་ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བ་ནས་མི་ལོ་ ༡༣ དང་ ༡༠ ཡི་ཁྲིམས་ཐག་ཧ་ཅང་ལྗིད་པོ་བཅད་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད།
ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ པའི་ཚེས་ ༢༧ ཉིན་ཁམས་འབྲི་རུ་རྫོང་འབྲི་རུ་ཤང་མོ་བ་གྲོང་དང་སྨོན་ཁྱིམ་གྲོང་གཙོས་པའི་ས་གནས་ཡུལ་མི་རྣམས་ཀྱིས་རྒྱ་མིའི་རྒྱལ་དར་ཁང་སྟེང་དུ་སྒྲེང་འཛུགས་མ་བྱས་པར་རྒྱལ་མོ་རྔུལ་ཆུར་གཡུགས་པའི་གནས་ཚུལ་ལྷག་པ་ནས་བཟུང་། རིམ་བཞིན་ཕྱི་ཚེས་ ༢༨ ཉིན་འབྲི་རུ་རྫོང་མི་དམངས་སྲིད་གཞུང་མདུན་དུ་བོད་མི་སྟོང་ཚོ་ལྷག་འཛོམས་ནས་ཟས་བཅད་ངོ་རྒོལ་དང་སྦྲགས་ཏེ་མཚན་ཉལ་བྱས་པ་མ་ཟད། མོ་བ་གྲོང་དང་སྨོན་ཁྱིམ་གྲོང་སོགས་ནས་ཉེས་མེད་འཛིན་བཟུང་བྱས་པའི་ས་གནས་ཡུལ་མི་རྣམས་ཀྱི་རྒྱབ་ལངས་བྱས་ཡོད།
དེ་ཙམ་དུ་མ་ཟད། ཁོང་ཚོས་འཛིན་བཟུང་བྱས་པ་དེ་དག་འཕྲལ་མ་ཉིད་དུ་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན། ཉིན་མོ་དེར་བྲི་རུ་རྫོང་སློབ་གྲྭ་ཆུང་འབྲིང་སོགས་ཀྱིས་ངོ་རྒོལ་བྱས་ནས་ཉིན་ལྔ་དྲུག་སློབ་ཁང་སྟོང་པ་ཆགས་པ་རེད། སྐབས་དེར་རྫོང་ཁུལ་དུ་གནས་ཚུལ་དེ་ལྟར་ཛ་དྲག་ཡོད་པར་བརྟེན། བོད་རང་སྐྱོང་ཟེར་བའི་མགོ་ཁྲིད་ཝུ་ཡེང་ཅེ་དང་རྡོ་ཐོག་སོགས་འབྲི་རུར་ཤར་བསྐྱོད་བྱས་ཏེ་འཇམ་རྩུབ་ཅི་རིགས་སྒོ་ནས་ངོ་རྒོལ་འཇགས་ཐབས་བྱས་པ་མ་ཟད། རྒྱ་ནག་མགོ་ཁྲིད་ཝུན་ཡེང་ཅེ་སོགས་ནས་མཚན་མོ་ཐང་ཉལ་ངོ་རྒོལ་བྱས་པའི་མི་དམངས་ཐུག་ནས། མི་དམངས་ཀྱིས་ངོ་རྒོལ་མཚམས་འཇོག་དགོས་པའི་གཏམ་བཤད་བྱས། སྐབས་དེར་རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་སོགས་ཀྱིས་མི་དམངས་དཀྱིལ་ནས་མདུན་དུ་ཐོན་ཏེ། མི་དམངས་ཀྱི་བདེ་སྡུག་མཚོན་པའི་སྐད་ཆ་མང་པོ་ཐད་ཀར་ཡར་འགྲེལ་བརྗོད་བྱས་པས།
ཕྱི་ཟླ་ ༡༠ པའི་ཚེས་ ༡༡ ཉིན་མཚན་མོའི་ཆུ་ཚོད་ ༡ ཙམ་ལ། འབྲི་རུ་རྫོང་ཉེན་རྟོག་མི་སྣ་ཁ་ཤས་གློ་བུར་དུ་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་དུ་འབྱོར་ཏེ། ཞོགས་དྲིལ་གྱི་སྡོད་ཁྱིམ་དུ་འཛུལ་ནས་འཛིན་བཟུང་བྱས། དེའི་ཕྱི་ཉིན་སྔ་དྲོ་ཁོང་གི་གྲོགས་པོ་གཡུལ་རྒྱལ་ཡང་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་འཛིན་བཟུང་བྱས་རྗེས། ཉེ་ཆར་ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༣ པའི་ཟླ་སྨད་བར་རྦད་དེ་གར་སོང་ཆ་མེད་དུ་གྱུར། གཟའ་འཁོར་སྔོན་མའི་ནང་རྒྱ་གཞུང་གིས་ཁོང་གཉིས་ཀྱི་ནང་མི་རེ་རེ་ཁོང་གཉིས་ལ་ཐུག་འཕྲད་ཆོག་པའི་བཀའ་འཁྲོལ་རྗེས། གཞི་ནས་ཁོང་གཉིས་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས། ཁྱིམ་མི་གཉིས་དང་བཙོན་པའི་བར་ཁ་པར་ནང་སྐར་མ་བཅུ་རེ་ཙམ་སྐད་ཆ་བཤད་ས་རག་ཡོད་འདུག
ཁྱིམ་ཚང་གིས་ད་གཟོད་གཞི་ནས་རྩོམ་པ་པོ་ཞོགས་དྲིལ་ལ་མི་ལོ་བཅུ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་ལ་མི་ལོ་བཅུ་ཡི་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་། རྒྱ་གཞུང་གིས་ཁོང་གཉིས་ལ་ཁྲིམས་ལུགས་དང་འགལ་བའི་སྒོ་ནས་སྲིད་གཞུང་མགོ་ཁྲིད་ལ་སྐད་ཆ་འདྲ་མི་འདྲ་བཤད་པ་དང་། སྤྱི་ཚོགས་ཟིང་ཆ་བསླངས་པ་སོགས་ཀྱི་ཉེས་པ་བཙུགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བ་ནས་ཁྲིམས་ཐག་བཅད་པ་རེད་ཟེར་བ་ཙམ་ལས། ཁྲིམས་རྭ་འཚོགས་མེད་ལ། ཁྱིམ་མིར་ཁྲིམས་ཁང་ག་གེ་མོ་ནས་ཁྲིམས་བཅད་བྱས་པ་སོགས་ཀྱི་ཡིག་ཆ་གང་ཡང་སྤྲད་རྒྱུ་མེད་པ་རེད།
འདི་ལྟར་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་མངའ་ཁོངས་སུ་བོད་མི་ཧ་ཅང་མང་པོ་ཞིག་ལ་ཆབ་སྲིད་གནས་ཚུལ་དང་འབྲེལ་ཕྱིན་ཁྲིམས་རྭ་ཅི་གང་འཚོགས་མི་དགོས་ལ། ཁྱིམ་བདག་ལ་ཁྲིམས་ཆད་ཡིག་ཆ་སོགས་འགྲོ་ལུགས་ཅི་གང་མི་དགོས་པར་ལོ་གྲངས་ཧ་ཅང་མང་པོ་ཁྲིམས་གཅོད་བྱེད་བཞིན་པ་རེད་འདུག ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་དེ་ལྟར་བཙོན་འཇུག་དང་ཁྲིམས་གཅོད་བཏང་བ་གོ་རྗེས། བོམ་ཕན་ཤང་གྲོང་སྟེང་མཁར་གྲོང་། རི་ཞིང་གྲོང་སོགས་གྲོང་ཚོ་ཕལ་ཆེ་བ་ནས་གཅིག་སྒྲིལ་ངང་ས་གནས་རྒྱ་ནག་སྲིད་གཞུང་ལ་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་སྙན་ཞུ་ཕུལ་ནས་ཞུ་བ་མང་པོ་བརྒྱབ་ནའང་ཉན་འཇོག་རྩ་བ་ནས་བྱས་མེད་པར་ཉེས་མེད་ཉེས་འཛུགས་བྱས་ནས་ཁྲིམས་གཅོད་བཏང་ཡོད་ལ། ཐ་ན་ཡར་ཞུ་བྱེད་མཁན་མི་ཉུང་བ་ཞིག་ཀྱང་སྔ་རྗེས་འཛིན་བཟུང་བཀག་ཉར་དང་དངུལ་ཆད་བཅད་པ་རེད།
ཕྱི་ལོ་ ༢༠༡༣ ལོའི་ལོ་སྨད་ན་ཁམས་ནགས་ཤོད་འབྲི་རུ་རྫོང་གི་མི་ཧ་ཅང་མང་པོ་ཞིག་དེ་ལྟར་འཛིན་བཟུང་ཕོག་པ་རེད་ལ། ལྷག་པར་དུ་ད་བར་ཤེས་རྟོགས་བྱུང་བར་མི་བཅུ་གསུམ་ཙམ་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ནས་བཅོ་བརྒྱད་བར་ཁྲིམས་གཅོད་བྱས་ནས་རྒྱ་ནག་གི་བཙོན་ཁང་དུ་ལྷུང་ཡོད། ཞོགས་དྲིལ་ལམ་ཚུལ་ཁྲིམས་རྒྱལ་མཚན་ལགས་ནི་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་རེད་ལ། ཆུང་དུས་ནས་གཤམ་ཆུ་ཤང་སློབ་ཆུང་འགྲིམས་པ་དང་། ཕྱི་ལོ་ ༢༠༠༡ ལོར་སྡེ་དགེ་དཔལ་ཡུལ་བཤད་གྲར་ཞུགས་ཏེ་ནང་ཆོས་གཙོས་པའི་བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་སོགས་ལ་སློབ་གཉེར་གནང་ཡོད་ཅིང་།
ཕྱི་ལོ་ ༢༠༠༩ བར་སྡེ་དགེ་དཔལ་ཡུལ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། སྡེ་དགེ་ཞེ་ཆེན། སྡེ་དགེ་རྫོགས་ཆེན། ཡ་ཆེན་སྒར། ཨ་མདོ་རྔ་པ་ཀིརྟི་དགོན་བཅས་སུ་སློབ་སྦྱོང་དང་གྲ་སྐོར་ལ་ཕེབས་ཡོད་འདུག ཕྱི་ལོ་ ༢༠༠༩ ལོའི་མཇུག་ཏུ་སྐྱ་སར་བབས་ཏེ་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ཏེ་ད་བར་ལོ་ ༤ རིང་རྒྱ་ཡིག་གི་ལམ་ནས་རྩོམ་རིགས་སྐོར་ཆེད་སྦྱང་གནང་མུས་ཡིན་ཡང་། འདས་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་གཞུང་གིས་ཞོགས་དྲིལ་དང་སློབ་ཕྲུག་གཞན་ཁ་ཤས་ཀྱིས་ནམ་རྒྱུན་ནུབ་བྱང་མ་རིགས་སློབ་ཆེན་ནང་ཁྲིམས་འགལ་ཐོག་བགྲོ་གླེང་གོ་སྒྲིག་བྱེད་ཀྱིན་ཡོད་པའི་ཉེས་འཛུགས་བྱས་ཏེ་སློབ་གྲྭ་ནས་ཕྱིར་འཕུད་བཏང་ཡོད་འདུག ཕྱི་ཟླ་ ༦ པའི་ནང་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ལོག་ནས << མི་རབས་གསར་པའི་མགྲོན་ཁང་། >>ཞེས་པ་ཞིག་བཙུགས་ཏེ། ཞོར་དུ་ཟུར་སྦྱོང་འཛིན་གྲྭ་གཉེར་ནས་ན་གཞོན་ཚོར་བོད་རྒྱ་ཡིག་རིགས་གཉིས་ནས་རིན་མེད་ཐོག་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག
ཕྱི་ལོ་ ༢༠༠༧ ལོར་ཁོང་གིས << ཁ་བ་ལ་འཁྲེང་བའི་དུང་སེམས་ཀྱི་ཅོང་སྒྲ་ >> ཞེས་པ་དང་། << གངས་རིའི་ལས་དབང་། >>ཞེས་པའི་རྩོམ་དེབ་གཉིས་སྔ་ཕྱིར་དཔར་སྐྲུན་བྱས་རྗེས་ཀློག་པ་པོ་ཚོས་གདེང་འཇོག་ཆེན་པོ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་རིམ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཁོང་དང་སློབ་མ་ཁག་གཅིག་མཉམ་རུབ་ཐོག་<< མི་རབས་གསར་པ། >> ཅེས་པའི་ལོ་དེབ་རྩོམ་སྒྲིག་བྱས་ཡོད་པ་དང་། ད་དུང་རྒྱ་ཡིག་ཐོག་ཞོགས་དྲིལ་པོད་ཁུག <<秀真博客>> ཅེས་པ་གཉེར་ནས། ལྷ་ས་ཁུལ་དུ་རྒྱ་ལུགས་ཤེད་ཆེ་བར་ཟུར་ཟ་བྱས་པའི་རྩོམ་ཡིག་<<མདོག་ངན་གྱི་ལྷ་ས། >> ཟེར་བ་དང་། ཉམ་ཆུང་བོད་མིའི་ལས་དབང་ལ་བསམས་ནས་དཀོན་མཆོག་ལ་ཁ་རྡུང་བཏང་བའི་<<དཀོན་མཆོག་འཆི་བར་འོས། >> ཞེས་པ་སོགས་ཀྱི་རྩོམ་ཡིག་མང་པོ་སྤེལ། གཞན་བོད་སྐད་ཡིག་གི་རྩོམ་ཡིག་སྤེལ་སའི་དྲ་བ།http://xiuzheng.tibetcul.com/131613.html#253254 ཞེས་པ་འདི་ད་ལྟ་རྒྱ་གཞུང་གིས་སྒོ་བརྒྱབ་ཡོད་འདུག
གཡུལ་རྒྱལ་ལགས་ཀྱང་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་ལ། ད་ལྟ་རང་ལོ་ ༢༦ ཡིན་པ་དང་། ཁོང་ཆུང་དུས་ནས་གཤམ་ཆུ་ཤང་སློབ་ཆུང་དུ་འགྲིམས། ཕྱི་ལོ་ ༢༠༠༥ ལོར་རྫོང་ཉེན་རྟོག་ལས་ཁུངས་སུ་ལས་གནས་བསྐོ་བཞག་གིས་ལོ་ ༧ ལས་ཀ་བྱས་ཡོད་ཀྱང་། ཉེན་རྟོག་པ་ནི་ཆབ་སྲིད་ལས་ཀའི་རྙོག་དྲ་ཧ་ཅང་ཆེ་སྟབས་ཕྱི་ལོ་༢༠༡༢ ལོར་རང་འགུལ་ཐོག་རྩ་དགོངས་ཞུས་ཏེ་རྫོང་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་འདུག ཁོང་གིས་ཉེན་རྟོག་པའི་ལས་ཀ་བྱས་རིང་ཕ་ཡུལ་གྱི་མི་དམངས་ལ་དྲང་བདེན་ལས་ཀ་བྱས་པས་ཕན་ཐོགས་ཆེན་པོ་བྱུང་ཡོད། གཡུལ་རྒྱལ་ལགས་ཀྱི་བཟའ་ཟླའི་མིང་ལ་ལྷ་སྐྱིད་སྒྲོལ་མ་ཞུ་གི་ཡོད་པ་དང་ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག