༢༠༡༤ ཟླ་ ༣ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་བོད་ནང་གི་ཆུ་ཚོད་ ༣ ཙམ་ལ་འབའ་ཐང་དུ་བཙུན་མ་སྒྲོལ་མ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོར་འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཁོངས་ནས་ཡིན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པ་དང་། དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་གྱི་བོད་མི་ཚོས་མཐོང་ནས་ཁོ་མོའི་ལུས་སྟེང་གི་མེ་བསད་པ་དང་། འབའ་ཐང་རྫོང་མི་དམངས་སྨན་ཁང་དུ་འཁྱེར་ཏེ་མྱུར་སྐྱོབ་བྱེད་ཐབས་གནང་འདུག སྐབས་དེར་ལམ་སེང་ས་གནས་ཀྱི་དྲ་རྒྱ་སྔོག་མི་ཐུབ་པར་བཟོས་ཡོད་པ་དང་ཁ་པར་སོགས་བརྒྱུད་ལམ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པར་ཞིབ་ཕྲའི་གནས་ཚུལ་དམ་བསྒྲགས་དབང་གིས་ཤེས་བཀའ་བའི་གནས་སུ་གྱུར་ཡོད་འདུག
བཙུན་མ་སྒྲོལ་མ་ལགས་ནི། ད་ལྟ་རང་ལོ་ ༣༡ ཙམ་ཡིན་པ་དང་འབའ་ཐང་རྫོང་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཕྱོགས་ནས་ཡིན་འདུག ཁོང་གི་ཕ་མིང་ལ་ཉི་མ་དང་མ་མིང་ལ་དབང་མོ་ཞུ་བཞིན་ཡོད་འདུག རང་ལུས་མེར་སྲེག་མ་གནང་གོང་ཁོང་འབའ་ཐང་རྫོང་རི་སྟོད་རྐ་མགོར་ཕྱག་འཚལ་བཞིན་བཞུགས་ཡོད་པ་དང་། རྒྱ་གཞུང་གིས་ཉེ་ལམ་ཁོང་དང་མཉམ་དུ་བཞུགས་མཁན་གྱི་བཙུན་མ་གསུམ་འཛིན་བཟུང་གིས་གར་ཡོད་མ་ཤེས་པར་ལྷག་ཡོད་འདུག དེའི་ཁྲོད་ནས་ཨ་ནི་གཅིག་དེ་སྔོན་རྒྱ་གར་ནས་ཕྱིར་བོད་ནང་ཕྱིར་ལོག་གནང་མཁན་ཞིག་ཡིན་འདུག
ས་ཆའི་ཆ་ནས་ལོ་རྒྱུས་ལྟར་ན་འབའ་ཐང་སྤྱི་སྲུང་ཤོག་དགུ་ཞེས་པ་ནི་འབའ་ཐང་རྫོང་གི་ཁོངས་གཏོགས་ཡིན་ཡང་། ཕྱིས་སུ་རྒྱ་ནག་གི་ས་ཆ་བགོ་སྐབས་སྨར་ཁམས་ཀྱི་ཁོངས་སུ་བཅུག་ཡོད་འདུག