༢༠༡༤ ཟླ་ ༣ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ཇོར་ཇི་ཡ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་(Emory Tibet Science Initiative)ཞེས་པའི་ཨེ་མོ་རི་བོད་ཀྱི་ཚན་རིག་ལས་འཆར་ཚན་པར་ཨ་སྒོར་ས་ཡ་གཅིག་གསོལ་རས་སྩལ་འདུག རྩ་བའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་འདི་ནི་ཕྱི་ལོ་ ༢༠༠༧ ལོར་དབུ་འཛུགས་གནང་འདུག ཨེ་མོ་རི་བོད་ཀྱི་ཚན་ཚན་རིག་ལས་འཆར་ཚན་པ་ཞེས་པ་འདི་ནི་ལོ་ལྟར་དབྱར་དུས་ཟླ་བ་གཉིས་མིན་ཙམ་རྒྱ་གར་གཙོ་བོར་འགྱུར་བའི་ས་གནས་གཞན་དུ་ཡོད་པའི་བོད་པའི་དགེ་འདུན་པ་དང་བཙུན་མ་ཞལ་གྲངས་བརྒྱ་ལྷག་ལ་ཚན་རིག་གི་ལྟ་གྲུབ་དང་། དངོས་ཁམས་རིག་པ། སྐྱེས་ཁམས་རིག་པ། ཀླད་རྩའི་སྐོར་སོགས་དེང་དུས་ཚན་རིག་སྐོར་སློབ་ཁྲིད་གནང་གི་ཡོད་པ་མ་ཟད། ནང་ཆོས་ཀྱི་ཚན་རིག་ཐོག་ཕན་ཚུན་གོ་བསྡུར་སྦྱངས་བཤད་དང་བློ་བསྐྱེད་སྤེལ་རེ་ཡང་གནང་རྗེས། ཕྱོགས་སོ་སོའི་དགོན་པ་གྲྭ་ཚང་ནང་ཕེབས་ཏེ་དགེ་བཙུན་གཞན་རྣམས་ལ་ཚན་རིག་གི་གོ་རྟོགས་སྤེལ་གྱི་ཡོད་འདུག
གཞན་ཡང་ལས་གཞི་འདིའི་ཁོངས་སུ་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དང་ཟུང་འབྲེལ་ཐོག་ཚན་རིག་གི་སློབ་ཚན་ཁག་གཅིག་བོད་བསྒྱུར་ཞུས་ནས་བསླབ་གཞི་གཏན་འབེབས་དང་། བོད་ཡིག་ཐོག་ནས་ཚན་རིག་གི་ཐ་སྙད་རེའུ་མིག་ལ་སོགས་པ་ཟུར་ཁྲིད་གནང་གི་ཡོད་འདུག ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ཇེམ་སི་ཝེག་ནར་(James Wagner)ལགས་ཀྱིས་༸གོང་ས་མཆོག་གིས་གསོལ་རས་སྩལ་བའི་རོགས་དངུལ་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གང་ཉིད་མཆོག་དང་ལྷན་ལས་གཞི་དེ་དག་རྒྱུན་འཁྱོངས་གནང་ཐུབ་པ་དེ་ནི་རིན་ཐང་ཆེན་པོ་དང་དགེ་མཚན་ཆེན་པོ་ཞིག་ཡིན་སྐོར་གསུངས་ཡོད་པ་མ་ཟད། ལྷར་པར་ད་ཐེངས་༸གོང་ས་མཆོག་གིས་དངུལ་འབོར་ཆེན་གསོལ་རས་སྩལ་བ་དེས་མགོན་པོ་གང་ཉིད་མཆོག་གིས་ལས་དོན་དེར་ཡིད་ཆེས་ཀྱི་མཚོན་དོན་ཞིག་ཆགས་ཀྱི་འདུག་པ་མ་ཟད། འབྱུང་འགྱུར་ཡང་ལས་གཞི་འདིའི་ཐོག་རྒྱབ་སྐྱོར་ཞིག་ཀྱང་ཆགས་ཀྱི་ཡོད་པའི་གུས་བཀུར་དང་ཆེ་བསྟོད་ཞུས་འདུག