༢༠༡༤ ཟླ་ ༣ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། མཁན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ་དང་སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ དང་བོད་ཚེས་ ༡༥ ཉིན་གྲྭ་འཇིགས་མེད་བསྟན་འཛིན་ལགས་དང་། གྲྭ་བློ་བཟང་དཔལ་ལྡན་ལགས་གཉིས་ཀྱིས་བོད་ནང་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་འདུག ཚང་མས་ཁོང་གཉིས་ཀྱི་ནང་མི་སྤུན་མཆེད་རྣམས་ཀྱིས་གཙོས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་དང་། ད་དུང་ཡིན་རུང་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མྱངས་དང་མྱོང་བཞིན་ཡོད་པ་བཅས་ཀྱི་ཆེད་ཐུགས་སྨོན་སྐྱོན་རོགས་གནང་། ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་ ༡༢༨ བྱུང་ཡོད་ཁོངས་ནས་ཕྱི་ལོ་ ༢༠༠༩ ལོར་ ༡ དང་། ཕྱི་ལོ་ ༢༠༡༡ ལོར་ ༡༢། ཕྱི་ལོ་ ༢༠༡༢ ལོར་ ༨༥། ཕྱི་ལོ་ ༢༠༡༣ ལོར་ ༢༥། ཕྱི་ལོ་ ༢༠༡༤ ལོར་ ༤ བྱུང་ཡོད། དེའི་ནང་ནས་ ༡༡༡ འདས་གྲོངས་སུ་གྱུར་འདུག བཀའ་ཤག་གིས་དུས་རྟག་ཏུ་དེ་དག་གྲངས་ཀར་མིན་འགྲོ་བ། ཞེས་རྗོད་བཞིན་ཡོད། ཁོང་རྣམ་པས་བོད་སྤྱི་པའི་རྩ་དོན་ཆེད་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གནང་གི་ཡོད།
དེར་བརྟེན་ང་ཚོས་ཁོང་རྣམ་པར་དུས་རྒྱུན་དུ་ནས་ཐུགས་སྨོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཆབ་སྲིད་བཙོན་ཟུར་སྒོ་ཤུལ་བློ་བཟང་ལགས་ཉེ་ཆར་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་འདས་གྲོངས་སུ་གྱུར་འདུག ལྷག་པར་གནས་ཚུལ་ཐོན་གསལ་ལྟར། སོག་ཙན་དན་དགོན་པའི་དགེ་འདུན་པ་དང་འབྲི་སྦྲ་དགོན་པའི་དགེ་འདུན་པའི་ཁག་གཅིག་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་བྱུང། རྒྱལ་སྤྱིའི་ཐོག་ནས་ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་གི་ལོ་ལྟར་ཚོགས་འདུ་ཚོགས་སའི་ནང་བོད་དོན་སྐོར་ཨ་རིས་གཙོས་དབྱིན་ཡུལ་དང་རྒྱལ་ཁབ་ཁག་གཅིག་གིས་བོད་ནང་ད་ལྟ་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་ཚུལ་གླེང་སློང་གནང་འདུག ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་ཀྱིས་ལོ་ལྟར་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུའང་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་ཆོས་དད་རང་དབང་མེད་པར་བརྟེན། རང་ལུས་མེར་སྲེག་བཏང་ཡོད། ཅེས་བཀོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཕ་རན་སིའི་རྒྱལ་ཁབ་ནང་ཕེབས་སྐབས། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ (Human Rights Watch) ཕ་རན་སིའི་སྲིད་འཛིན་ (Francois Hollande) དང་ཞི་ཅིང་ཕིང་ (Xi Jinping) མཇལ་འཕྲད་སྐབས། ངེས་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་དགོས། ཞེས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག ཕན་རན་སི་དང་ཇར་མན་ནང་གི་མི་དམངས་སྟོང་ཕྲག་འགའ་ཤས་ཁྲོད་བོད་དོན་སྐོར་ལ་སྤྱི་ཡོངས་ཀྱི་བསམ་ཚུལ་བསྡུས་པའི་ནང་བོད་དོན་གྲོས་མོལ་བརྒྱུད་ནས་སེལ་དགོས་ཀྱི་ཡོད། རབ་བྱུང་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་མཇལ་འཕྲད་གནང་དགོས་པའི་སྐོར་ལ་མི་དམངས་ནང་བསམ་ཚུལ་བསྡུས་པའི་ཁྲོད་ཕ་རན་སི་ནས་བརྒྱ་ཆ་དགུ་བཅུས་རྒྱབ་སྐྱོར་གནང་ཡོད།
དེ་བཞིན་ཇར་མན་ནས་བརྒྱ་ཆ་དགུ་བཅུ་གོ་གཉིས་ཀྱིས་རྒྱབ་སྐྱོར་གནང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་མཛད་འཕྲིན་རྒྱས་བཞིན་ཡོད་པ་ནི། ཉེ་ཆར་ཕོར་ཅུན་ (Fortune magazine) ཞེས་པའི་གྲགས་ཅན་དུས་དེབ་ཀྱི་འཛམ་གླིང་ནང་རླབས་ཆེན་གྱི་གྲགས་ཅན་མི་སྣ་ ༡༠ མཚན་གཞུང་གསལ་བསྒྲགས་བྱས་པའི་ཁོངས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་འཁོད་འདུག དེར་བརྟེན་༸གོང་ས་མཆོག་གི་མཛད་འཕྲིན་རྒྱལ་སྤྱིའི་ནང་སྔར་ལྷག་རྒྱས་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། མཐའ་དོན་བསྐྱར་ནན་ཐོག་བློ་བཟང་དཔལ་ལྡན་ལགས་དང་འཇིགས་མེད་བསྟན་འཛིན་ལགས། སྒོ་ཤུལ་བློ་བཟང་ལགས་བཅས་ལ་ཐུགས་སྨོན་སྐྱོན་རོགས། ཞེས་གསུང་བཤད་གནང་ཡོད། །