༢༠༡༤ ཟླ་ ༣ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༤ ཟླ་༤ པའི་ནང་ཉི་ཧོང་དུ་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་གཏན་འཁེལ་ཡོད་འདུག
དེ་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱིས་གསལ་བསྒྲགས་སྤེལ་གསལ་ལྟར་ན། ༸གོང་ས་མཆོག་ཕྱི་ཟླ་བཞི་པའི་ནང་གི་ཆིབས་སྒྱུར་དེ་ནི་སྔ་ལོ་ཕྱི་ཟླ་ ༡༡ ནང་ཁུལ་དེར་ཆིབས་སྒྱུར་བསྐྱངས་རྗེས་ལོ་འདིའི་ནང་གི་ཆིབས་སྒྱུར་ཐེངས་དང་པོ་དེ་ཆགས་ཡོད། ༸གོང་ས་མཆོག་ཕྱི་ཟླ་ ༤ ཚེས་ ༦ ནས་ ༡༨ བར་ཉི་ཧོང་དུ་ཆིབས་སྒྱུར་བསྐྱང་སྟེ་ཕྱི་ལོ་ ༢༠༡༡ ལོར་ས་ཡོམ་དང་མཚོ་རླུང་དྲག་པོའི་གོད་ཆག་ཕོག་པའི་ཉི་ཧོང་གི་ཡུལ་མི་རྣམས་ལ་སེམས་གསོ་མཛད་རྒྱུ་དང་། ལྷག་པར་རྒྱལ་ས་ཊོཀ་ཁྱོ་ (Tokyo) དང་ཀྱོ་ཏོ་(Kyoto) གཉིས་ཀྱི་ནང་མང་ཚོགས་ལ་ཆོས་འབྲེལ། དེ་བཞིན་མཁས་དབང་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་རྒྱུ་ཡིན་འདུག ཐེངས་འདིའི་ཆིབས་སྒྱུར་སྐབས་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་གི་ཆབ་སྲིད་མི་སྣ་དང་ལྷན་མཇལ་འཕྲད་མཛད་རྒྱུའི་མཛད་འཆར་མེད་སྐོར་གསུངས་འདུག
གཞན་ཡང་ཉི་ཧོང་གི་ (Kyodo) ཀྱོ་ཌོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་༸གོང་ས་མཆོག་རྒྱ་ནག་ལ་སྐྱོན་བརྗོད་གནང་མཁན་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ཉི་ཧོང་གི་མགོན་པོ་གང་ཉིད་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱང་རྒྱུར་མཐོང་ཆན་འབུལ་ལམ་ཞུས་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་སྲིད་པའི་སྐོར་བཀོད་འདུག