༢༠༡༤ ཟླ་ ༣ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །དེང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ Xi Jinping ཡུ་རོབ་རྒྱལ་ཁབ་ཕ་རན་སི་དང་ཇར་མན། དེ་བཞིན་སྦེལ་ཇམ་སོགས་སུ་གཞུང་འབྲེལ་སྐོར་བསྐྱོད་བྱེད་སྐབས་དང་བསྟུན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ནས་ ༡༤ བར་ཕ་རན་སི་དང་ཇར་མན་མང་ཚོགས་རྣམས་ལ་བསམ་འཆར་བསྡུ་ལེན་བྱེད་སྐབས་ཕ་རན་སི་མང་ཚོགས་བརྒྱ་ཆ་ ༩༠ དང་ཇར་མན་མང་ཚོགས་བརྒྱ་ཆ་ ༩༢ ནས་བོད་རྒྱའི་གནད་དོན་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་མཇལ་འཕྲད་གནང་དགོས་པའི་རེ་འདུན་བཏོན་ཡོད། ཕྱོགས་མཚུངས་འོས་བསྡུའི་བསམ་འཆར་ནང་ཐེངས་འདིར་ཡུལ་གྲུ་གཉིས་པོའི་སྲིད་འཛིན་རྣམ་གཉིས་ཀྱིས་རྒྱ་ནག་སྲིད་འཛིན་དང་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་གནད་དོན་སྐོར་གླེང་དགོས་པའི་བསམ་འཆར་བཏོན་ཡོད། དེ་ཡང་གོང་འཁོད་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའོ་མེ་ཁ་ཅི་ Matteo Mecacci མཆོག་གིས་གསུང་དོན་ལྟར་ན། ཕ་རན་སི་དང་ཇར་མན་མང་ཚོགས་ཀྱི་བསམ་འཆར་འདུ་ལེན་སྐབས་བསམ་འཆར་བརྒྱ་ཆ་ཧ་ཅང་ཚད་མཐོ་པོའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཡུལ་གཉིས་ཀྱི་སྲིད་འཛིན་མཆོག་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གཞུང་འབྲེལ་ཐོག་གདན་འདྲེན་ཞུ་དགོས་པའི་རེ་འདུན་ཡང་བཏོན་ཡོད། ཐེངས་འདིའི་བསམ་འཆར་སྐབས་མང་ཚོགས་རྣམས་ཀྱི་རྒྱ་ནག་དང་འབྲེལ་ལམ་སྐབས་ཚོང་གི་ཁེ་ལས་དེ་ལས་ཀྱང་གལ་ཆེ་བའི་གནད་དོན་གཞན་ཡོད་པ་གསལ་སྟོན་བྱས་ཡོད།