༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༣ ཚེས་༡༤ ཉིན་སོག་རྫོང་། ཙན་དན་དགོན་པའི་ནང་དུ་རྒྱ་གཞུང་གི་རྒྱལ་དར་མེར་སྲེག་བཏང་བ་མ་ཟད། དགོན་པར་བཅའ་སྡོད་ལས་བྱེད་ཀྱི་སྒོ་ངོས་སུ་“བོད་རང་བཙན་ཡིན”ཞེས་པའི་ཡི་གེ་བྲིས་པར་བརྟེན། གྲྭ་དགེ་འདུན་གྲགས་པ་འགས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
རང་ལོ་ ༢༠ ལ་སོན་པའི་གྲྭ་དགེ་འདུན་གྲགས་པ་ལགས་ནི་སོག་རྫོང་གཡག་ལ་ཡུལ་ཚོའི་གཡང་ངེ་གྲོང་གི་གཡང་གཟིགས་ཚང་ནས་ཡིན་འདུག དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སོག་ཙན་དན་དགོན་གྱི་གྲྭ་པ་ཆོས་དབྱིངས་སྐལ་ལྡན་ལགས་ཀྱིས། འཕྲིན་ཐུང་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་ཅིག་གྲོགས་པོ་ཚོ་དང་དགོན་པའི་ནང་གི་ལས་དོན་འགོ་ཁྲིད་ཚོའི་ཁ་པར་ནང་བསྐུར་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་ཁང་ནས་འཛིན་བཟུང་བྱས་ཡོད་ནའང་། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག རང་ལོ་༢༠ ལ་སོན་པའི་ཆོས་དབྱིངས་སྐལ་ལྡན་ལགས་ནི་སོག་རྫོང་གཡག་ལ་ཡུལ་ཚོའི་གཡེག་གུ་གྲོང་གི་ལྷ་འཁྱིལ་ཚང་ནས་ཡིན་འདུག
ད་ལྟ་སོག་ཙན་དན་དགོན་པའི་གྲྭ་པ་མང་པོ་ཞིག་ཉིན་ལྟར་རྒྱ་གཞུང་གི་ཉེན་རྟོག་ཁང་ནང་དུ་འབོད་འགུག་གིས་མ་ཉེས་ཁ་གཡོག་ངང་ཚ་འདྲི་བྱེད་བཞིན་པ་རེད་འདུག གཞན་ཡང་ཙན་དན་དགོན་པའི་གྲྭ་པ་རྣམ་རྒྱལ་ཚུལ་ཁྲིམས་ཀྱི་ཨ་མ་ན་ནས་དབང་པོ་སྐྱོན་ཅན་ཞིག་རྒྱ་ནག་ཁྲི་འདུར་སྨན་བཅོས་ལ་འགྲོ་སྐབས། སོག་ཉེན་རྟོག་ཁང་གི་པ་སངས་དགྲ་འདུལ་གྱིས་གཙོས་ཉེན་རྟོག་པ་ཚོས་ནད་པ་སྨན་བཅོས་མ་ཚར་གོང་ནས་བཙན་དབང་ངང་ཕ་ཡུལ་དུ་འབོད་འགུག་བྱས་འདུག སོག་རྫོང་དུ་འབྱོར་ཟིན་རྗེས་ཀྱང་ཉིན་ལྟར་གང་དུ་སོང་ཡང་ཉེན་རྟོག་མི་སྣ་ཚོས་རྗེས་འདེད་བྱེད་བཞིན་པ་རེད་འདུག །
ད་ལྟའི་ཆར་སོག་རྫོང་གི་མི་མང་རྣམས་ཀྱི་ཁ་པར་ནང་པར་རིགས་དང་རྩོམ་ཡིག་སོགས་བསྙད་འདོག་ས་རག་པ་ཙམ་གྱི་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་བྱེད་བཞིན་འདུག་ཅེས་བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་ཡོད་འདུག
དེ་བཞིན་ཕྱི་ཟླ་༣ ཚེས་༡༧ གྱི་མཚན་མོ་སོག་རྫོང་། ཁྲི་རྡོ་ཡུལ་ཚོའི་དྲིལ་མདའ་དགོན་པའི་དགེ་འདུན་པ་ཚངས་དབྱངས་རྒྱ་མཚོ་ལགས་དང་། ཚེ་དབང་ལགས། ཨ་ཚེ་ལགས། རྒྱལ་མཚན་ལགས་བཅས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་དང་གང་དུ་བཙོན་འཇུག་བྱས་མིན་ས་གནས་སུ་དམ་བསྒྲགས་ཀྱི་རྐྱེན་པས་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཚངས་དབྱངས་རྒྱ་མཚོ་ལགས་ནི་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ལས་ཐོག་ཡིན་འདུག་ལ། ཚེ་དབང་ལགས་ཡང་དེ་སྔོན་རྒྱ་གཞུང་གི་འཛིན་བཟུང་བྱེད་མྱོང་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སོག་རྫོང་ཁྲི་རྡོ་ཡུལ་ཚོའི་གྲོང་ཚོ་དེ་ཚོ་ནས་མི་མང་པོ་གང་བྱུང་འཛིན་བཟུང་བྱས་སོང་ཟེར་ཡང་། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། ད་ལྟའི་ཆར་ཁྲི་རྡོ་ཡུལ་ཚོར་བརྒྱུད་ལམ་ཡོངས་རྫོགས་བཀག་པ་མ་ཟད། དམག་མི་དང་ཉེན་རྟོག་པ་རླངས་འཁོར་མང་པོ་སླེབས་སྟེ། སྒར་རྒྱབ་ནས་གྲོང་ཚོ་ཕན་ཚུན་བར་འགྲུལ་ལམ་བཅད་ནས། གང་བྱུང་སྔོག་བཤེར་དང་དམ་བསྒྲགས་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་འདུག