༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ Xi Jinping ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ Human Rights Watch ཕ་རན་སིའི་སྲིད་འཛིན་ལ་ཞུ་སྙན་ཞིག་ཕུལ་བ་བརྒྱུད་སྲིད་འཛིན་མཆོག་གིས་རྒྱ་ནག་འགོ་ཁྲིད་དང་ཐུག་འཕྲད་སྐབས། དེང་སྐབས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་ལ་གསུང་དགོས་པའི་རེ་འདུན་བཏོན་ཡོད།
དེ་ཡང་ཞུ་སྙན་དེའི་ནང་འཁོད་དོན། ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཕ་རན་ཀོ་ཡི་སི་ཧོ་ལན་དི་མཆོག་གིས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད་པ་མང་ཚོགས་ལ་གསལ་སྟོན་གནང་དགོས། ཕ་རན་སི་དང་རྒྱ་ནག་གཉིས་གཞུང་འབྲེལ་གྱི་འབྲེལ་ལམ་བཙུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྐབས་འདིར་དེ་སྔ་ཕ་རན་སིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ཐོག་མའི་རེ་འདུན་འཆང་བ་ལྟར་ལག་བསྟར་ཐུབ་མིན་སྐོར་སྲིད་འཛིན་མཆོག་གིས་རྒྱ་ནག་སྲིད་འཛིན་ལ་གསལ་པོ་གསུངས་དགོས། ལྟ་གྲུབ་དེ་དག་ནང་ཙམ་མ་ཟད། ཕྱི་ལའང་མང་ཚོགས་ཁྲོད་གསལ་པོ་བཟོ་དགོས། ཞེས་ཕ་རན་སིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་འགན་འཛིན་སྐུ་ཞབས་ཇིན་མེ་རི་ཕར་ཌོ་ Jean Marie Fardeauམཆོག་གིས་གསུངས་ཡོད།
གཞན་ཡང་ཞུ་སྙན་དེའི་ནང་རྒྱ་ནག་གཞུང་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་དང་ཁོང་གི་བཟའ་ཟླ། དེ་བཞིན་ཡུ་གུར་དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་ཨི་ལམ་ཊོ་ཊི་ Ilham Tohti མཆོག་དང་། རྒྱ་རིགས་ཁྲིམས་རྩོད་པ་སྐུ་ཞབས་ཊུ་ཛི་ཡོང་ Xu Zhiyong སོགས་ཀྱི་སྐོར་གླེང་དགོས་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ལྕམ་སྐུ་ཅའོ་ཤུན་ལི་ Cao Shunli ལགས་འདས་གྲོངས་སུ་གྱུར་བར་སེམས་འཚབ་ཀྱི་རྣམ་པ་འདོན་དགོས་པ་བཅས་འཁོད་ཡོད། གཞན་ཡང་ཞུ་སྙན་ནང་ཐེངས་འདིར་རྒྱ་ནག་སྲིད་འཛིན་སྐོར་ཕ་རན་སིར་འབྱོར་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་མ་ཐུབ་ཚེ་ཕ་རན་སིར་རེ་བ་བཅོལ་མཁན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཚོར་བརྡ་ལན་ལོག་པ་ཞིག་སྤྲོད་རྒྱུ་ཡིན། ཞེས་འཁོད་ཡོད། ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཇར་མན་དང་སྦེལ་ཇམ། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལས་ཁུངས་མ་ལག་དང་བཅས་པར་འགྲོ་རྒྱུ་ཡིན་འདུག