༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༩ ཉིན་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་སྒོ་ཤུལ་བློ་བཟང་ལགས་ནི། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་རང་ལོ་ ༤༢ ཡིན། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས། ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ། དགུ་བཅུ་གོ་གྲངས་ནང་རྨ་ཆུའི་ས་ཁུལ་གང་སར་བོད་དོན་སྐོར་གྱི་སྦྱར་ཡིག་གང་མང་སྤེལ་བའི་ལས་འགུལ་ནང་དུ་མཉམ་ཞུགས་བྱས་རྐྱེན་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་གཅར་རྡུང་བཀག་ཉར་བྱས་ཀྱང་ཁོང་གིས་ཅི་ཡང་ཁས་བླངས་མི་འདུག དེ་རྗེས་རང་ཡུལ་དུ་རྒྱ་གཞུང་གི་གནོན་ཤུགས་ཀྱིས་སྡོད་མ་ཐུབ་སྟབས་ལྷ་ས་སོགས་སུ་ཉེན་གཡོལ་བྱས་ཏེ་ལོ་འགའ་ཤས་ཤིག་སྡོད་དགོས་བྱུང་འདུག ཕྱིར་ཕ་ཡུལ་དུ་ལོག་ནས་དུས་ཐུང་འཛིན་གྲྭ་དང་དོན་གཉེར་ཅན་གང་མང་ལ་དབྱིན་ཡིག་སློབ་ཁྲིད་གནང་། ཕྱི་ལོ་ ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་དུ་༼ས་བྱི་ཞི་རྒོལ་ཆེན་མོ།༽ བྱུང་སྐབས་ཁྲོ་ཁོ་དབལ་བཎ་སྡེ་བའི་ཡུལ་ཚོ་རུ་ཡང་གསུམ་པའི་ཚེས་ ༡༧། ༡༨། ༡༩ བཅས་ཉིན་གསུམ་རིང་ཞི་བའི་ངོ་རྒོལ་ཡར་ལངས་ཀྱི་སྣེ་ཁྲིད་གཙོ་གྲས་གནང་། དུས་སྐབས་འདི་འདྲ་ཞིག་ནས་ཁོང་གིས་རང་ཁྱིམ་གྱི་སྦྲ་ནག་ཀླད་དུ་བོད་ཀྱི་རྒྱལ་དར་མཐའ་ཤན་དར་ཚོན་སྣ་ལྔ་བྱས་པ་ཞིག་རྒྱུན་རིང་དུ་སྒྲེང་འཛུགས་བྱས་འདུག
ཕྱི་ལོ་ ༢༠༠༩ ལོའི་ཟླ་དང་བོའི་ནང་དུ་དབལ་བཎ་སྡེ་བའི་ཡུལ་ཚོ་དང་སྡེ་དགོན་སོ་སོར་བོད་ཀྱི་ལོ་གསར་རྒྱས་སྤྲོས་ཅན་གཏོང་མི་རུང་བའི་འབོད་སྐུལ་སྦྱར་ཡིག་༼འབོད་སྐུལ་ངང་མོའི་སྐྱོ་དབྱངས།༽ ཞེས་པ་དང་། ས་གནས་ཀྱི་རྒྱ་ནག་དང་མཉམ་འབྲེལ་གྱིས་རང་མི་གཡོ་ཚོང་བྱེད་མཁན་དག་ལ་བྱ་ངན་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་སྦྱར་ཡིག་༼དྲན་སྐུལ་གསེར་གྱི་དྲུལ་ཆུང་།༽ ཞེས་པ་གཉིས་སྦྱར་སྤེལ་གྱི་གནས་ཚུལ་བྱུང་སྐབས་སྒོ་ཤུལ་བློ་བཟང་སོགས་ཀྱིས་ས་གནས་ཀྱི་གནས་ཚུལ་གླེང་མོལ་(qq)བརྒྱུད་དེ་བོད་ཕྱིའི་གསར་ལམ་ཁག་ལ་བརྒྱུད་སྤྲོད་གནང་། ཕྱི་ལོ་ ༢༠༠༨ ལོ་ནས་དབལ་བཎ་ཡུལ་ཚོར་རྒྱ་དམག་གིས་དམངས་ཚོགས་ལ་བཙན་གནོན་ཐུབ་ཚོད་བསྟུད་མར་བྱས་སྟབས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༠ ཉིན་སྒོ་ཤུལ་བློ་བཟང་ལགས་སོགས་ཀྱིས་རྒྱ་དམག་ལ་བདེན་པའི་གནས་ལུགས་དང་རྒྱུ་མཚན་བཤད་དེ་ཁ་རྩོད་བྱེད་སྐབས་མཐར་ཛ་དྲག་ཏུ་གྱུར་ནས་རྒྱ་དམག་གིས་སྒོ་ཤུལ་བློ་བཟང་ལགས་དང་། གྲགས་པ་ལགས་གཉིས་ལ་གཅར་རྡུང་ཚབས་ཆེན་བཏང་སྟེ་ལག་ལྕགས་བརྒྱབ་ནས་ཁྲིད་འགྲོ་རྩིས་བྱེད་སྐབས་ས་གནས་མི་དམངས་༤༠༠ ལྷག་གིས་རྒྱ་དམག་ལ་ངོ་རྒོལ་དང་རྡོ་ཁ་བྱས་པས། ཁོང་གཉིས་ལག་ལྕགས་བརྒྱབ་ཡོད་ཀྱང་བྲོས་བྱོལ་ཐུབ། དེ་ནས་བཟུང་སྟེ་རྒྱ་དམག་སྡོད་མ་ཐུབ་པར་གནས་སྐབས་ཕྱིར་འཐེན་བྱ་དགོས་ཐུག ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༢ ཉིན་རྨ་ཆུ་རྫོང་གིས་དབལ་བཎ་སྡེ་བའི་རི་ཆེན་ཁག་གི་སྡེ་དཔོན་རྣམས་སྐད་བཏང་སྟེ་སྒོ་ཤུལ་བློ་བཟང་ལགས་སོགས་ས་བྱི་ཞི་རྒོལ་གྱི་སྣེ་ཁྲིད་པ་མི་ལྔ་རྩིས་སྤྲོད་བྱེད་དགོས་པའི་བཙན་བཀའ་དང་། གལ་སྲིད་ཁོང་ཚོ་རྩིས་སྤྲོད་མ་བྱས་ན་ས་གནས་ལ་ཛ་དྲག་བཙན་གནོན་གྱི་ལས་འགུལ་སྤེལ་རྒྱུའི་འཇིགས་སྐུལ་བྱས་འདུག འོན་ཀྱང་སྒོ་ཤུལ་བློ་བཟང་ལགས་སོགས་མི་མེད་ལུང་སྟོང་གི་རི་མགོ་སོགས་ལ་བྲོས་བྱོལ་གབ་སྦས་བྱས་ཏེ་ལྟོགས་སྐོམ་གྲང་སྡུག་གི་ངང་ནས་ཟླ་བ་མང་བོ་བསྐྱལ་ཏེ་བསྡད།
ཕྱི་ལོ་ ༢༠༡༠ ལོའི་ལོ་འགོ་ཞིག་ནས་སྒོ་ཤུལ་བློ་བཟང་ལགས་ཀྱིས་འདི་ལྟར་ལོ་དང་ཟླ་བ་བསྟུད་དེ་མི་མེད་ལུང་སྟོང་སོགས་སུ་གབ་སྡོད་བྱས་ན་དོན་སྙིང་ཅི་ཡང་མི་འདུག དེ་ལས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལ་ཕན་ཅུང་ཟད་ཙམ་རེ་ཐོགས་སོང་ན། ང་ལྟ་བུ་བཙོན་ཁང་དུ་སྡོད་དགོས་བྱུང་ན་ཡང་འགྱོད་པ་མི་འདུག རང་ཉིད་གཅིག་པུ་མི་སུས་ཀྱང་མི་མཐོང་ས་ཞིག་ནས་ལྐོག་ཏུ་འཛིན་བཟུང་བྱ་འགྲོ་བ་ལས་རྒྱ་ཆེའི་མི་མང་གིས་མཐོང་ས་ནས་བཟུང་སོང་ན་དགའ། ཞེས་དབལ་བཎ་ཡུལ་ཚོ་སོགས་སུ་མངོན་གསལ་དུ་འགྲོ་སྡོད་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༩ ཉིན་རྨ་ཆུ་རྫོང་གི་ཉེན་རྟོག་པས་སྒོ་ཤུལ་བློ་བཟང་ལགས་གནས་ཚུལ་གཞན་ཞིག་ལ་ཁ་གཡར་ཏེ་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་མ་ཟིན་ཙམ་ལ་རྨ་ཆུ་རྫོང་དུ་བཀག་ཉར་གྱིས་གཅར་རྡུང་ཚ་འདྲི་ཚད་ལས་བརྒལ་བ་བྱས་ཤིང་ཐ་ན་ཟས་དང་གཉིད་བཀག་པ་དང་། ཟུག་གཟེར་གཏོང་བའི་དུག་ཁབ་བརྒྱབ་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་།
ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༦ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྒོ་ཤུལ་བློ་བཟང་ལགས་ལ་ལོ་བཅུ་ཐམ་པའི་ཁྲིམས་ཐག་བཅད་དེ་ལན་ཀྲུའུ་ནས་སྤྱི་ལེ་བརྒྱ་ཡས་མས་ཤིག་ཏུ་ཡོད་པའི་ཏེན་ཤན་གྲོང་ཁྱེར་གྱི་བཙོན་ཁང་དུ་བཙོན་འཇུག་བྱས། བཙོན་ཁང་དེ་ནས་ཀྱང་དགོས་ངེས་ཀྱི་སྨན་བཅོས་དང་བཟའ་བཏུང་མ་སྤྲད་སྟབས། ནད་མནར་གྱིས་ཁོང་གི་ཤ་སྐམ་ཞིང་ལུས་རུད་པར་གྱུར་པ་མ་ཟད། སྔར་དུག་ཁབ་བརྒྱབ་པའི་རྐྱེན་གྱིས་བཟོད་དུ་བྲལ་བའི་ཟུག་གཟེར་ཧ་ཅང་ཆེན་པོ་ཡོད་ནའང་དེ་མུར་ལོ་གསུམ་ལྷག་ལ་སྨན་བཅོས་སོགས་ཀྱི་ལྟ་སྐྱོང་གང་ཡང་མེད་པར་ལུས། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ནང་དུ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་རུ་སོང་སྟེ་གསོན་གནས་མི་ཐུབ་པའི་མཚམས་ལ་སླེབས་སྐབས་བཙོན་ཁང་དུ་འདས་གྲོངས་སུ་སོང་བའི་ངན་ཁག་ལས་གཡོལ་ཆེད་ཟླ་དེའི་ཚེས་ ༢༩ ཉིན་ཕྱིར་རང་ཁྱིམ་དུ་བཏང་། དེ་ནས་ཁོང་གི་ནང་མི་གཉེན་ཉེ་ཚོས་སྨན་བཅོས་དང་ཞབས་རིམ་གང་ཐུབ་ཅི་ནུས་བྱས་ཀྱང་ཕན་ཐོགས་ཆེར་ཐོན་མི་འདུག ཉེ་ལམ་ཁོང་གི་དབུགས་རྒྱུན་མ་ཆད་པའི་ཟླ་གཅིག་ལྷག་གི་རིང་ལ་བཟའ་བཏུང་སོགས་ཅི་ཡང་མ་སོང་སྟེ་ལྟོགས་སྐོམ་དང་ཟུག་གཟེར་དྲག་པོ་མི་གཞན་གྱིས་མཐོང་ན་བལྟ་མི་བཟོད་པ་ལྟ་བུའི་གསོན་སྡུག་མྱངས་འདུག སྐབས་རེར་ཁ་ཅུང་ཟད་རེ་གྲག་ཐུབ་དུས་ཁོང་གིས་སྔར་བཞིན་རང་གི་སེམས་ཀྱི་དམ་བཅའ་དང་ཡིད་ཆེས་ལ་འགྱུར་བ་ཅུང་ཟད་ཀྱང་མེད་པར། ངས་སྡུག་ཅི་འདྲ་མྱངས་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་དང་། བོད་མི་ས་ཡ་དྲུག་གི་དོན་ཡིན་པས་འགྱོད་པ་སྤུ་རྩེ་ཙམ་ཡང་མེད་ཅེས་དང་། ཡང་ཐེངས་གཅིག་ཁོང་གིས་གྲོགས་པོ་ཞིག་ལ་རང་ཉིད་པར་ལེན་དུ་བཅུག་ནས་བཤད་དོན། ངའི་པར་འདི་རྒྱ་གར་ལ་བསྐུར་ནས་༸རྒྱལ་བ་རིན་པོ་ཆེའི་སྤྱན་ལམ་ལ་འབུལ་ཨེ་ཐུབ་ཞིག་ལྟོས།
ལྷག་པར་ང་ལྟ་བུའི་སྡུག་དང་མནར་གཅོད་ཀྱི་འོག་ན་གནས་པའི་བཅོན་མ་དག་གི་བདེ་སྡུག་གི་གནས་སྟངས་སྙན་ལ་འཇོག་ཨེ་ཐུབ་བལྟ་རོགས། འདི་ངའི་སྒེར་དོན་ལྟ་བུ་ཞིག་ཡིན་ནའང་འབྲོག་གླེན་ཉམ་ཆུང་ནུས་མེད་ཅིག་གི་འཆི་ཁའི་རེ་བ་ཆུང་ཆུང་ཞིག་ཡིན། ཞེས་བརྗོད་འདུག་ལ་སྐད་ཆའམ་ཁ་བརྡ་འདི་དག་ཁོང་གི་མི་ཚེའི་ནང་གི་ཆེས་མཐའ་མའི་རེ་བ་དང་ཁ་ཆེམས་ཡིན་འདུག གཞན་ཡང་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༣ ཙེས་ ༡ ཉིན་ཁོང་གིས་སྔར་བཙོན་ཁང་དུ་ཡོད་སྐབས་བྲིས་པའི་ཁ་ཆེམས་ལྟ་བུའི་རྩོམ་ཡིག་༼འགྱོད་སེམས་མེད་པའི་ཁྲིམས་པ།༽ཞེས་པ་ཡང་ཉམ་ཐག་པའི་རང་གི་འདྲ་པར་གཤམ་ལ་འབྲི་འགོད་བྱས་ཏེ་གྲོགས་པོ་ཁ་ཤས་ལ་སྤྲད་འདུག མཐར་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་བོ་ཆུ་ཚོད་གཅིག་ཡས་མས་ཤིག་ལ་འདས་གྲོངས་སུ་གྱུར་འདུག་ལ་ཕྱི་ཚེས་ ༢༦ ཉིན་ཕུང་པོ་ཞུགས་འབུལ་བྱ་རྒྱུ་ཡིན་འདུག ཁོང་གི་ཤུལ་ལུས་ནང་མི་ནི། ཁོང་གི་ཨ་མ་ཏཱར་སྒྲོན་ལོ་ ༧༣ ཅན་དང་། བཟའ་ཟླ་ཏཱར་པེ་ལོ་ ༣༩ ཅན། བུ་ཤེས་རབ་ལོ་ ༡༨ ཅན། བུ་མོ་སྒྲོན་མ་ལོ་ ༡༤ ཅན་བཅས་ཡོད་འདུག