༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉེན་རྔ་པ་ཀི་རྟི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་རང་ལུས་མེར་སྲེག་གནང་རྗེས་ཉིན་ལྔའི་རིང་འཆི་གསོན་གྱི་གནས་སྟངས་གསལ་པོ་ཤེས་རྟོགས་མེད་པར་གྱུར་ཡོད་ཀྱང་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡།༣༠ ཁོང་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཉེ་ལམ་ཁོང་གི་ནང་མི་འབར་ཁམས་སུ་སྐུ་ཕུང་ལེན་པར་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་མེར་སྲེག་བཏང་སྟེ་རུས་ཐལ་ཞིག་སྤྲད་ཡོད་འདུག
རང་ལོ་ ༢༣ ལ་སོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ནི། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་གི་ཡིན་པ་དང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཞུ་བཞིན་ཡོད་འདུག ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ད་ལྟ་འཛིན་གྲྭ་བསྡུས་ཆེན་ལ་བསླེབས་ཡོད་འདུག
རྒྱ་གཞུང་གིས་རྫོང་གི་ས་གནས་གང་སར་དམག་མི་འགྲེམས་འཇོག་གིས་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད། དགོན་སྡེ་ཁག་ཏུ་ཉེན་རྟོག་པ་དང་དམག་མི། དམིགས་བསལ་ཉེན་རྟོག་པ། སྤྱི་བདེ་ཉེན་རྟོག་པ་སོགས་མངགས་གཏོང་གིས་དམིགས་བསལ་དམ་བསྒྲགས་བྱེད་བཞིན་པ་དང་། ལྷག་པར་ས་གནས་ཀྱི་བརྒྱུད་ལམ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་འདུག