༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༣ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱ་གར་གྱི་དེ་སྔའི་སྲིད་བློན་དམ་པ་ལལ་བྷ་དུར་ཤཱསྟྲི་མཆོག་གི་ (Lal Bahadur Shastri) མི་ཚེའི་ནང་གི་ཆོས་ཕྱོགས་དང་ཆབ་སྲིད། སྤྱི་ཚོགས་ཀྱི་བརྒྱུད་རིམ་ནང་འཕྲད་པའི་གནས་ཚུལ་ལས་གྲུབ་པའི་ཤོག་གྲངས་ ༡༥༦ ལྡན་པའི་ཁ་བྱང་དུ་འགོ་ཁྲིད་བྱེད་སྟངས་ཀྱི་ལམ་སྟོན་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱིས་དེར་འདུས་འབྲེལ་ཡོད་ཁྱོན་མི་གྲངས་ ༣༠༠ བརྒལ་བ་རྣམས་ལ་བཀའ་སློབ་ཕེབས་དོན། ངོས་རང་འདི་གར་ཡོང་སྟེ་རྒྱ་གར་གྱི་དེ་སྔའི་སྲིད་བློན་དམ་པ་ལལ་བྷ་དུར་ཤཱསྟྲི་མཆོག་གི་དཔེ་དེབ་དབུ་འབྱེད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་ལ་ཆ་མཚོན་ན། དམ་པ་ཁོང་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན། དམ་པ་ཁོང་སྲིད་བློན་མ་ཆགས་སྔོན་ངོས་རང་དང་མཇལ་འཕྲད་ཐེངས་འགའ་བྱུང་ཡོད་པ་མ་ཟད། ལྷག་པར་རྒྱ་གར་གྱི་སྲིད་བློན་ཆགས་རྗེས་ཀྱང་ཐེངས་ཁ་ཤས་མཇལ་ཏེ་གནས་ཚུལ་གལ་ཆེན་འགའ་ཞིག་ཐོག་གོ་བསྡུར་ཡང་ཞུ་རྒྱུ་བྱུང། ཁོང་གློ་བུར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས་སྐབས་ངོས་རང་སེམས་སྐྱོ་པོ་བྱུང། ཕྱོགས་མཚུངས་ད་དུང་ཁོང་ལོ་འགའ་ཞིག་རིང་སྐུ་འཚོ་བཞུགས་ཐུབ་ཡོད་ན། ལུང་པ་འདིར་གལ་གནད་ཆེ་བའི་ལས་དོན་ཁ་ཤས་སྒྲུབ་ཐུབ་ངེས་རེད། ཁོང་ནི་རྒྱ་གར་འཕགས་པའི་ཡུལ་དུ་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པའི་རྒྱ་གར་གྱི་འཚེ་མེད་ཞི་བ་སོགས་རིན་ཐང་ཅན་གྱི་རིག་གཞུང་རྣམས་གཅེས་འཛིན་བྱེད་མཁན་ཞིགས་ཆགས་ཡོད། རྒྱ་གར་གྱི་མི་དམངས་རྣམས་ཀྱིས་རང་ཉིད་ལ་གནའ་རབས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་ཞིག་ཡོད་པ་རྣམས་སྔར་ལྷག་བདག་གཅེས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་རང་རྒྱ་གར་ནང་ལོ་ལྔ་བཅུ་ལྷག་བསྡད་པའི་རིང་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་སོགས་འཕོ་འགྱུར་ཕྱིན་ཡོད་པ་རྣམས་མཐོང་ཡོད།
དེ་བཞིན་རྒྱ་གར་ལ་ལོ་སྟོང་ཕྲག་རིང་ནས་ཡོད་པའི་རིན་ཐང་ཅན་གྱི་རིག་གཞུང་རྣམས་ཕྲན་བུ་ཉམས་ཆག་འགྲོ་གི་ཡོད་པའི་རྣམ་པ་མཐོང་སྐབས། ངོས་རང་ལ་སེམས་འཚབ་ཡོང་གི་འདུག རྒྱ་གར་ལ་རང་བཙན་ཐོབ་སྟེ་ལོ་བཅུ་ཕྲག་འགའ་ཤས་ཕྱིན་ཡོད་པའི་བརྒྱུད་རིམ་ནང་ཁྱིམ་མཚེས་རྒྱལ་ཁབ་དང་བསྡུར་ན་ཧ་ཅང་སྲ་བརྟན་རེད། དེ་ནི་རྒྱ་གར་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡག་པོ་ཡོད་པ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བྱས་དང་བྱེད་མུས་ཀྱི་རྒྱུ་མཚན་ལས་བྱུང་བ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། །